མཉམ་སྒྲུབ་ཚོང་སྡེའི་ཁྱད་ཆོས་དང་དེ་ཇི་ལྟར་སྤེལ་བའི་ཐབས་ལམ།

མཉམ་སྒྲུབ་ཚོང་སྡེའི་ཁྱད་ཆོས་དང་དེ་ཇི་ལྟར་སྤེལ་བའི་ཐབས་ལམ།


 ༼དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གཏམ་བཤད་ཟིན་བྲིས་ཐོར་བུ།༽ ཁ་བའི་རུ་དམར་གྱིས་ཟིན་བྲིས་སུ་ཕབ།

གཉིས། མཉམ་སྒྲུབ་ཚོང་སྡེའི་སྒྲིག་གཞི་དང་ལས་གཉེར་ལ་ངོས་འཛིན་ཡག་པོ་དགོས།

      ངས་མཉམ་སྒྲུབ་ཚོང་སྡེ་ཐོག་དང་བོར་བསྒྲུབ་འདོད་པ་དེ་ངེད་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ཡུན་རིང་ལ་འོ་མ་མང་བོ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པའི་ཐབས་ལམ་ཞིག་བཙལ་བ་དེ་ཡིན། ཡིན་ཡང་། 2008ལོར་ཀྲུང་གོའི་མཉམ་སྒྲུབ་ཚོང་སྡེའི་སྣེ་ཁྲིད་པ། རྒྱལ་དོན་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཞིབ་འཇུག་པ་ཡུས་ཡོང་ལོང་ལ་བློ་དྲིས་ནས་སློབ་སྦྱོབ་བྱས་པས། མཉམ་སྒྲུབ་ཚོང་སྡེ་ནི་སྐབས་དེའི་ཀྲུང་དབྱང་གི་སྲིད་ཇུས་ཀྱི་དགོངས་དོན་ཞིག་སྟེ་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་ཆེད་དུ་བཏོན་པའི་ཐབས་ཇུས་རང་བཞིན་གྱི་འཕེལ་རྒྱས་ཁ་ཕྱོགས་ཤིག་ཡིན་པ་མ་ཟད། ཞིང་འབྲོག་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཆེས་ལེགས་པའི་ཐབས་ལམ་ཞིག་དང་ཞིང་འབྲོག་དབུལ་བའི་གནད་དོན་ལས་ཐར་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་དང་ཡང་དག་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཤིག་ཡིན་པ་ཤེས་སོང་། དེ་ནས་2009ལོར་ཆེད་མཁས་པ་ཡུས་ཡོང་ལོང་དང་མིན་ཉུག་ཚོགས་སྡེའི་(蒙牛集团)རྒྱུ་བདག་དཔོན་ཆེན་བང་དཔལ་པོ་གཉིས་མགོ་ལོག་ཏུ་གདན་དྲང་ནས་མཉམ་སྒྲུབ་ཚོང་སྡེའི་ལས་རིགས་དངོས་སུ་འགོ་བརྩམས་པ་ཡིན། སྐབས་དེའི་སྲིད་གཞུང་གི་རྒྱབ་སྐྱོར་དང་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ནས་མཉམ་སྒྲུབ་ཚོང་སྡེ་ལྔ་འཛུགས་ཐུབ་པ་བྱུང་། ད་ལྟའི་བར་དུ་ཕྱུགས་ཐོན་ཐོན་རྫས་ལས་སྣོན་དང་བྲིན་ཚོང་། སྐྱེལ་འདྲེན། ཚོང་ཁང་ཆེན་མོ་དང་མགྲོན་ཁང་གཉེར་བ། ཚོང་ར་ཆེན་མོ་བསྐྲུན་པ་དང་གཉེར་བ་སོགས་ལས་རིགས་སྣ་མང་གཉེར་ནས་འབྲོག་ལས་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་བར་འབད་བཞིན་ཡོད། དགའ་འོས་པ་ཞིག་ལ། ལོ་འདི་དག་ལ་འབྲོག་ཁུལ་དུ་སྲིད་ཇུས་ཀྱི་ཁ་ཕྱོགས་ལྟར་ས་གནས་སོ་སོའི་སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག་ནས་གང་སར་མཉམ་སྒྲུབ་ཚོང་སྡེ་མང་བོ་ཚུགས་ཐུབ་པ་མ་ཟད། འཕེལ་རྒྱས་ངེས་ཅན་ཞིག་བྱུང་དང་འབྱུང་བཞིན་འདུག འདི་ནི་ཞིང་ཕྱུགས་ལས་གཞི་རྒྱ་ཆེན་པོའི་ངང་གཉེར་བའི་གོམ་པ་དང་བོ་དང་འབྲོག་ཁུལ་འཕེལ་རྒྱས་སུ་སྙེག་བཞིན་པའི་སྔ་ལྟས་རེད། ཡིན་ཡང་། དེའི་ཁྲོད་དུ་གནད་དོན་མང་བོ་ཞིག་ཡོད་པས་ང་ཚོས་ངེས་པར་དུ་གནད་དོན་ངོས་ཟིན་དང་དེ་ཐག་གཅོད་བྱེད་རྒྱུ་གལ་ཆེ།

      དེང་སྐབས་མང་བོ་ཞིག་གིས་སྲིད་གཞུང་གི་རོགས་དངུལ་ལ་བརྟེན་ནས་འབྲི་ཉོ་བ་དང་དེ་དག་འཚོ་ས་བཀོད་སྒྲིག་བྱེད་པ་དང་། དེར་འཚོ་སྐྱོང་བ་བཀོད་སྒྲིག་བྱས་ནས་མཉམ་སྒྲུབ་ཚོང་སྡེ་གཉེར་གྱིན་འདུག ངོ་མ་བཤད་ན་བསྒྲུབ་སྟངས་འདི་ནི་དེང་སྐབས་ཀྱི་ཚོང་སྡེའི་ལམ་ལུགས་ལྟར་བསྒྲུབ་ཐུབ་ཀྱི་མེད། དཔེར་ན། འོ་མའི་མཉམ་སྒྲུབ་ཚོང་སྡེ་ཞིག་ལ་མཚོན་ན། འོ་མ་མ་རྐང་དུ་འཇོག་ཆོག་པ་ལས་འབྲི་མོ་དང་རྩྭ་ས་མ་རྐང་དུ་འཇོག་མི་ཆོག དེ་བས་བསྒྲུབ་སྟངས་འདི་ལ་གནད་དོན་མང་བོ་ཡོད་དེ། འགྲོ་སོང་ཆེ་བ་དང་ཐོན་ཁུངས་ཀྱི་ནུས་པ་ཞན་པ། ཚོང་གཉེར་གྱི་ཕན་འབྲས་ཆུང་བ་བཅས་ཀྱི་བཀག་རྒྱ་མང་བོ་ཡོད། དེའི་འབྲས་བུ་ལ་ཁེ་སྤོགས་ལས་འགྲོ་སོང་མང་བས་མང་ཚོགས་ཀྱིས་མཉམ་འབྲེལ་ཚོང་སྡེ་ལ་རིམ་བཞིན་ལྟ་སྟངས་ངན་པ་དང་ཚོང་སྡེ་བྱ་བ་བསྒྲུབ་པ་ལ་སེམས་ཤུགས་ཉམས་འགྲོ་གི་ཡོད། འདིའི་གནས་བབ་འདི་ནི་ཚོང་སྡེའི་ལམ་ལུགས་ལྟར་བསྒྲུབ་མ་ཤེས་པ་ལས་བྱུང་བ་ལས་མཉམ་སྒྲུབ་ཚོང་སྡེ་ལ་གནད་དོན་ཡོད་པ་མ་རེད། དེ་བས་འབྲོག་ཁུལ་དུ་ཁྱིམ་ཚང་རེ་རེ་ཚོང་སྡེར་ཞུགས་ནས་རང་ཉིད་ཀྱི་འབྲི་མོའི་ཐོན་ཁུངས་བེད་སྤྱོད་དང་དེའི་འོ་མ་སྔོགས་འདོན་བྱས་ནས་བསྒྲུབ་ན་ཐོན་ཁུངས་ཀྱི་གྲངས་འབོར་མང་བ་དང་དེའི་ཉོ་ཚོང་གི་རིན་ཐང་ཆེ་བ། ཚོང་ར་ཅན་དུ་བསྒྲུབ་ཐུབ་པ་མ་ཟད། ཁེ་སྤོགས་ཆེ་བ། ད་དུང་འགྲོ་སོང་གྲོན་ཆུང་བྱེད་ཐུབ་པ་དང་ཚོང་གཉེར་གྱི་ཕན་འབྲས་ཡོད་པ། ཐོན་ལས་སུ་སྤེལ་བར་སྟོབས་ཤུགས་ཆེ་བ་སོགས་ཀྱི་ལེགས་ཆ་མང་བོ་ཡོད་པས་རང་གཞན་ཀུན་ལ་ཕན་ཁེ་ཡོད་པའི་ཚོང་ལམ་ཞིག་ཡིན།

      སྤྱིར་མཉམ་སྒྲུབ་ཚོང་སྡེ་ཞེས་པ་ནི་མང་ཚོགས་རང་འཐད་ཀྱིས་མཉམ་དུ་སྒྲུབ་པའི་དཔལ་འབྱོར་གྱི་ཚོང་སྡེ་ཞིག་ཡིན། གཅིག དེ་ལ་ཁེ་ལས་དང་མི་འདྲ་བའི་ཁྱད་ཆོས་འགའ་ཡོད་དེ། ༡ དམིགས་ཡུལ་མི་གཅིག་པ། ཚོང་སྡེའི་དམིགས་ཡུལ་ནི་ཚོགས་མི་ལ་ཞབས་ཞུ་སྒྲུབ་པ་གཙོ་བོ་དང་ཁེ་སྤོགས་བཙལ་བ་ཕལ་བ་ཡིན། ༢ ཚོགས་མིའི་ལམ་ལུགས་མི་གཅིག ཚོང་སྡེའི་ཚོགས་མི་ནི་བདག་པོ་ཡིན་ལ་ལས་བཟོ་བའང་ཡིན། ༣ ཆ་རྐྱེན་མི་གཅིག ཚོང་སྡེ་འཛུགས་དུས་མ་དངུལ་བཏང་ཆོག་ལ་མ་བཏང་ནའང་ཆོག ༤ ཚོང་སྡེ་ནས་ཕྱིར་འབུད་པ་ལ་རང་དབང་ཡོད། འོན་ཀྱང་ཚོགས་མིའི་ཐོབ་ཐང་དང་མ་དངུལ་གཞན་ལ་སྐོར་ན་མི་ཆོག གཉིས། ཚོང་སྡེའི་ཚོང་གཉེར་གྱི་ཁྱབ་ཁོངས་ལ་མང་བོ་འདུས་ཏེ། ཐོན་སྐྱེད་དང་འཁོར་རྒྱུགས། ཡིད་བརྟོན། ཞབས་ཞུ་བཅས་ཕྱོགས་བཞིའི་ཚོང་དོན་བཅས་འདུ་ལ། དེ་ལ་ནུས་པའི་སྒོ་ནས་བཤད་ནའང་སྐྱེལ་འདྲེན་དང་འཛད་སྤྱོད། སྨན་བཅོས་སོགས་ཚོང་དོན་སྣ་མང་གཉེར་ན་ཆོག ད་དུང་རྒྱ་བསྐྱེད་ནས་མཉམ་སྒྲུབ་ཚོང་སྡེ་མང་བོ་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་ཚོང་སྡེ་གཞན་རེ་བསྒྲུབ་ན་ཡང་ཆོག འདི་སྔ་མ་ལས་ཤུགས་ཆེ་བ་དང་ལས་གཉེར་གྱི་ཕྱོགས་ཡངས་པ། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར་ནས་ཚོང་ལས་ཀྱི་མཉམ་འབྲེལ་བྱས་ཆོག་པའི་དམིགས་བསལ་སྲིད་ཇུས་ཀྱི་ལེགས་ཆ་ཡོད། གསུམ། ཚོང་སྡེའི་ཡོང་འབབ་བགོ་བྱ་བྱེད་སྟངས་ལ་གཉིས་ཡོད་དེ། ཚོང་སྡེའི་སྤྱིའི་ཡོང་འབབ་དེ་ཐོག་མར་ཚོགས་མིའི་ཐོན་རྫས་ཉོ་ཚོང་གི་གྲངས་ཀ་ལྟར་བགོ་བ་དང་། དེའི་རྗེས་སུ་མ་རྐང་གི་བསྡུར་ཚད་ལྟར་བགོ་བ་ཞིག་ཡིན། ཚོགས་མི་ཞིག་ཡིན་ན་རང་ཉིད་ཀྱི་ཐོན་རྫས་རིན་གོང་དེ་ཚོགས་མི་མིན་པའི་མི་གཞན་གྱི་ཐོན་རྫས་ལས་རིན་གོང་མཐོ་བའི་དམིགས་བསལ་ཁྱད་ཆོས་ཡོད། ད་དུང་ཚོང་གཉེར་ཁྲོད་དུ་ཡང་དེ་འདྲའི་ལེགས་ཆ་མང་བོ་ཡོད།

      འདིར་ནན་གྱིས་བཤད་རྒྱུ་ཞིག་ལ་མཉམ་སྒྲུབ་ཚོང་སྡེ་ནི་ཐོག་མར་མཉམ་སྒྲུབ་དང་རྗེས་སུ་དཔལ་འབྱོར་གཉེར་བའི་ཚོང་སྡེ་ཞིག་ཡིན་པ་སེམས་སུ་ངེས་དགོས། དེང་སྐབས་མང་བོ་ཞིག་གིས་མཉམ་སྒྲུབ་ཚོང་སྡེའི་ངོ་བོ་ངོས་ཟིན་མེད་པ་འདྲ། ཐོག་མར་ནང་དུ་ཞུགས་དུས་རང་འཐད་རང་དབང་ཡིན་པ། གཙོ་བོ་རང་གི་དགོས་མཁོར་དམིགས་ནས་ནང་དུ་ཞུགས་རྒྱུ་རེད། གཉིས་པ། ཚོང་སྡེ་ནི་དཔལ་འབྱོར་གྱི་ཚོང་སྡེའི་གྲས་ཤིག་ཡིན་པས་ཁེ་སྤོགས་ངེས་པར་དུ་བཙལ་དགོས། དེ་ཡང་དམིགས་ཡུལ་ཡོད་པ་དང། སྒྲིག་གཞི་འཐུས་ཚང་ཡིན་པ། ཐོན་རྫས་གསར་བསྐྲུན་བྱས་ནས་ཚོང་ར་ཅན་གྱི་ངང་ནས་བསྒྲུབ་ན་ཁེ་སྤོགས་ཐོབ་ཐུབ་པ་མ་ཟད། སྤྱི་ཚོགས་ཕན་འབྲས་དེ་གཞན་པའི་ཁེ་ལས་ལས་ལྡབ་འགྱུར་གྱིས་ཆེ་བས། མང་ཚོགས་དང་ས་གནས་ལ་ཐད་ཀར་དུ་གཞི་ཆེན་པོའི་ངང་ནས་ཕན་པ་བསྐྲུན་ཐུབ།    

      ཚོང་སྡེ་མང་བོ་ཞིག་གིས་སྲིད་གཞུང་གི་རྒྱབ་སྐྱོར་མ་དངུལ་དེ་ཁེ་སྤོགས་ལ་ངོས་འཛིན་བྱེད་ཀྱིན་ཡོད། དོན་དངོས་སུ་དེ་ནི་སྲིད་གཞུང་གིས་ཁེ་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་འཕྲུལ་ཆས། ཐོན་སྐྱེད་ལག་རྩལ་བཅས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བའི་བྱ་བར་གནས་སྐབས་ཀྱི་རོགས་སྐྱོར་ཞིག་སྟེ། འཁོར་གཉེར་གྱི་གཞུང་ལུགས་ལྟར་ན་དེ་ནི་མ་རྩའི་སྤྱི་འཕར་ཡིན་ལ། གན་རྒྱ་ལྟར་བྱ་བ་ལེགས་འགྲུབ་མ་བྱུང་ཚེ་དེ་ནི་དོམ་སྟེ། ཕྱིར་སྟེར་དགོས་པའི་དོམ་དངུལ་རེད། འདི་ཁེ་སྤོགས་སུ་ངོས་འཛིན་བྱས་ན་ཕལ་ཆེར་ཚོང་སྡེའི་ཚོང་གཉེར་གྱི་ཁ་ཕྱོགས་ནོར་འགྲོ་བ་དང་ཡུན་རིང་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་ཀྱང་ཉམས་འགྲོ། དེ་བས་རང་གི་ཐོན་ཁུངས་གཙོ་གཉེར་བྱས་ནས་ཚོང་ལམ་བསྐྲུན་པ་དང་ཁེ་སྤོགས་འཚོལ་བའི་ཚོང་གཉེར་ཁྱད་ཆོས་ཅན་དང་འཐུས་ཚང་ཅན་གྱི་མཉམ་སྒྲུབ་ཚོང་སྡེ་ཞིག་གཉེར་བར་བརྩོན་ལེན་བྱ་དགོས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-11 ལྟ་ཀློག (9967)