གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

གསར་འགོད་པ། དཀར་མོ་ཡེ་ཤེས།

       ཉིས་སྟོང་བཅུ་བདུན་ལོའི་སྤྱི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅུ་གཅིག་པའི་<<ཕྱོགས་གླང་རིགས་པའི་བརྒལ་བརྟག་>>རང་སློབ་གྲྭའི་ཚོགས་ཁང་ཆེན་མོ་ནས་འཚོགས། སློབ་བུ་དབང་ཆེན་སྒྲོལ་མས་བརྒལ་བརྟག་ལ་མདོ་འཛིན་བྱས། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་མཆོག་གིས་ཐོག་མའི་གཏམ་བཤད། བརྒལ་བརྟག་ལ་སློབ་རིམ་བཞི་བ་ནས་དམའ་གསུམ་བར་འཛིན་གྲྭ་རེ་ནས་མི་གཉིས་རེ་དང་དམ་བཅའ་བ་གཅིག་རེ་བཅས་ཁྱོན་སྡོམ་སློབ་མ་ཉེར་གཅིག་བརྒལ་བརྟག་ལ་ཞུགས། བརྒལ་བརྟག་སྟེང་རང་སློབ་གྲྭའི་སློབ་གཙོ་ཤར་པར་བཀྲ་ཤིས་ཚེ་རིང་དང་རྒན་འཇམ་དཔལ་རྣམ་འཇོམས་སོགས་དགེ་རྒན་སུམ་བཅུ་ལྷག་དང་སློབ་མ་དྲུག་བརྒྱ་ལྷག་འདུས། ཚད་མའི་དགེ་རྒན་རྣམས་གཙོ་བྱས་པའི་དགེ་རྒན་སྐོར་ཞིག་གིས་བརྒལ་བརྟག་ལ་དཔྱད་འདེམ་བྱས། རིགས་ལམ་ནི་ཚུལ་དང་ཚུལ་མིན་གྱི་རྣམ་དབྱེ་གསལ་བར་འབྱེད་བྱེད་ཅིག་ཡིན་པས་ཚད་མའི་རིགས་ལམ་ལ་མ་སྦྱངས་ན་རང་ཉིད་ཀྱི་དམ་བཅའ་ཡང་སུན་འབྱིན་དང་ཕྲད་ཚེ་མི་བརྟན་ལ་གཏིང་མི་དཔོག་པས་ང་ཚོས་ཕྱོགས་གླང་རིག་པའི་བརྒལ་བརྟག་བྱེད། ཐེངས་འདིའི་བརྒལ་བརྟག་ལ་ཕྱོགས་ཡོངས་ནས་སློབ་བུ་ཚོར་སྔར་ལས་ལྷག་པའི་སྤོབས་པ་དང་ངར་ཤུགས་ཆེ་རུ་ཕྱིན་འདུག  འགྲན་ཞུགས་སློབ་བུ་དག་ལས་དམའ་འབྲིང་སློབ་བུ་པ་སངས་སྒྲོལ་མ་ལ་ཨང་དང་བོའི་བྱ་དགའ་དང་། རིག་འཛིན་སྒྲོལ་མ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། སློབ་བུ་མེས་མེས་ལ་སློབ་ཆུང་རིམ་པའི་ཨང་དང་བོ་དང་། རིག་བྱེད་སྒྲོལ་མ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། དམའ་འབྲིང་རིམ་པའི་དཔལ་ལྡན་ལྷ་མོ་དང་སློབ་ཆུང་རིམ་པའི་སྒྲོལ་དཀར་གཉིས་ལ་ཕུལ་བྱུང་དམ་བཅའ་བའི་བྱ་དགའ་དང་། <<རྟོག་གེའི་སེང་ཁྱིམ་འཛིན་གྲྭ་>>དང་<<མཐུན་འགྲིག་གསེར་ཟམ་འཛིན་གྲྭ་>>གཉིས་ལ་ཕུལ་བྱུང་འཛིན་གྲྭའི་བྱ་དགའ་ཐོབ། མཇུག་མཐར་དགེན་འཇལ་དཔལ་རྣམ་འཇོམས་ལགས་ཀྱིས་རྩོད་པའི་རིགས་ལམ་དང་རྩོད་པའི་རྣམ་དཔྱོད། རྟགས་གསལ་གཏོང་སྟངས་དང་རྟགས་བཀོད་སྟངས་སྐོར་ནས་གཏམ་བཤད་གནང་སྟེ་གཟི་བརྗིད་ངང་མཇུག་བསྡུས།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་མཆོག་གིས་བརྒལ་བརྟག་སྟེང་གཏམ་བཤད་གནང་བཞིན་པ།

བརྒལ་བརྟག་སྟེང་ཕེབས་པའི་དགེ་རྒན་རྣམས།

སློབ་མས་རྟགས་གསལ་གཏོང་བཞིན་པ།

སྐབས་བཅུ་གཅིག་པའི་ཕྱོགས་གླང་རིག་པའི་བརྒལ་བརྟག་གི་ཚོགས་ར།

བརྒལ་བརྟག་སྟེང་བྱ་དགའ་ཐོབ་པའི་སློབ་བུ་ཡོངས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-03-31 ལྟ་ཀློག (5068)