གཉན་ཚོགས་ཀྱིས་བོད་ཁམས་སུ་ཁྲུང་ཁྲུང་ཞིག་གསར་རྙེད་བྱུང་སོང་།

བོད་ཁམས་སུ་ཁྲུང་ཁྲུང་ཞིག་གསར་རྙེད་བྱུང་སོང་།

    འཛམ་གླིང་སྟེང་ཁྲུང་ཁྲུང་ལ་རིགས ༡༥ཡོད་ལ།  ཀྲུང་གོར་རིགས ༩ ཡོད། བོད་ཁམས་སུ་ད་བར་རིགས ༣ ལས་ཟིན་བྲིས་སུ་བཀོད་མྱོང་མེད།

    ཕྱི་ལོ ༢༠༡༧.༣.༢༥ ཉིན་མགོ་ལོག་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཤོག་གི་རྫ་ར་འགབ་མའི་མདའ་འབྲིང་ཆུའི་འགྲམ་ནས་ལ་ཏེན་རིག་མིང་ལ Grus Canadensis ཞེས་པའི་ཁྲུང་ཁྲུང་ཞིག་བསླེབས་ཡོད་པ་གཉན་ཚོགས་ཀྱི་ཁྲུང་ཁྲུང་ཆེད་སྲུང་པ་བུ་མོ ༡༦ ཡོད་པ་ལས་སྣང་པོས་མཐོང་ཞིང་ཁ་པར་གྱིས་པར་ཞིག་བཏབ་སྟེ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལ་སྤྲད།


པར་ལེན་པ། སྣང་པོ།

 ༢༠༡༧.༣.༢༦གི་མཚན་མོར་མགོ་ལོག་ཀུན་དགའ་ཚངས་དབྱངས་ནས་གཉན་ཚོགས་ཀྱི་དྲྭ་ཚོམ་དུ་བསྐུར་ཏེ་ཚང་མས་བགྲོ་གླེང་བྱས་ཀྱང་པར་མི་གསལ་བས་ཁྲུང་ཁྲུང་གི་རིགས་ཤིག་ཡིན་པ་ལས་གང་ཡིན་ངོས་ཟིན་གཏན་ཁེལ་བྱེད་ཐུབ་མ་སོང་། 

    ༢༠༡༧.༣.༢༧གྱི་ཉིན་ཚོགས་པས་ཆེད་དུ་ཀླུ་དབང་བཀོད་བསྒྲིགས་བྱས་ཏེ་ཕྱིན་པར་དུས་ཚོད ༤ ཙམ་ལ་པར་བླངས་ཀྱང་ཉིན་དེར་ཡག་པོ་ཞིག་ལེན་ཐུབ་མ་སོང་།  པར་དེར་མཚན་མོར་ཚོགས་པས་དཔྱད་གླེང་ཡང་ཡང་བྱས་པས་ཕལ་ཆེར་ཁྲུང་སྐྱ་ Grus grus ཡིན་པར་ཐག་བཅད།


 པར་ལེན་པ། ཀླུ་དབང་།

   ཁྲུང་སྐྱ་ནི་བོད་ཁམས་སུ་ཁྲུང་ཁྲུང་སྐེ་ནག་དང་།   ཁྲུང་ཁྲུང་ར་ལ་དང་།  ཁྲུང་སྐྱ་སྟེ་རིགས་གསུམ་ཡོད་པའི་གཅིག་རེད། ཕྱི་མ་གཉིས་དབྱར་ཁར་བོད་ཁམས་སུ་འོང་བ་ལས་སྐྱེ་འཕེལ་བྱེད་ཀྱིན་མེད།  འདི་ནི་གཉན་པོ་གཡུ་རྩེ་དང་མཚོ་སྔོན་པོ་སོགས་ནས་ཟིན་བྲིས་སུ་ཐེབས་མྱོང་བ་ཞིག་རེད།  ༢༠༡༧.༣.༢༨གྱི་ནངས་མོར་ཚོགས་མི་དཔལ་ཁོ་དང་ཀླུ་དབང་གཉིས་ཡང་བསྐྱར་ས་དེར་ཕྱིན་ནས་ལྟ་ཞིབ་དང་པར་ཆས་ཀྱི་འཆར་ཤེལ་སྟེང་གི་ཁྲུང་པར་ཁ་པར་གྱིས་པར་བཏབ་སྟེ་དྲྭ་ཚོམ་དུ་བསྐུར་ནས་དཔྱད་གླེང་བྱས་པས་ཐག་ཆོད་གསར་བ་མ་བྱུང་།


༢༠༡༧.༣.༢༩ སྟེ་དེ་རིང་ཀླུ་དབང་གིས་རྩིས་འཕྲུལ་ནས་པར་གསལ་པོ་བྱས་ཏེ་ཚོགས་པའི་དྲྭ་ཚོམ་དུ་བསྐུར་ཏེ་དཔྱད་གླེང་བྱས་པས། ཕྱི་དྲོ་ཆུ་ཚོད༣པའི་སྟེང་གཞི་ནས་ཟིན་ཐོ་གསར་བ་ཞིག་ཡིན་པ་ཤེས་སོང་། ཁྲུང་ཁྲུང་འདི་ནི་ལ་ཏེན་རིག་མིང་དུGrus canadensisདང་རྒྱ་ནག་གིས(沙丘鹤) ཞེས་པ་དེ་ཡིན་པར་གཏན་ཁེལ་བྱ་ཐུབ་སོང་།


པར་ལེན་པ།  ཀླུ་དབང་དང་དཔལ་ཁོ།

   འདི་ནི་བོད་ཁམས་ནས་ཆེས་ཐོག་མར་ཟིན་ཐོར་བཀོད་པ་ཡིན་པར་འདོད། དེའི་ཕྱིར་འདི་ལ་མིག་སྔར་བོད་མིང་མེད། དེ་བས་ང་ཚོས་ད་ལྟ་བོད་མིང་ལ་ཅི་ཞིག་འདོགས་པ་བགྲོ་གླེང་བྱེད་བཞིན་པའི་སྒང་ཡིན། ཁྲུང་ཁྲུང་འདིའི་མིང་ལ། ལ་ཏེན་རིག་མིང་ལ། Grus Canadensis དང་། དབྱིན་མིང་ལ། Sandhill Crane དང་། རྒྱ་ནག་གི་རྒྱུན་བཀོལ་མིང་ལ (沙丘鹤、棕鹤、加拿大鹤)བཅས་ཟེར།

ཀྲུང་གོར་མཚོན་ནའང་ཤིན་ཏུ་མཐོང་དཀོན་པའི་ཁྲུང་ཁྲུང་ཞིག་སྟེ།  ཀྲུང་གོའི་འདབ་ཆགས་ལག་དེབ་སྟེང་ཁྲུང་ཁྲུང་འདི་ཁྱབ་བཀྲའི་སྟེང་དམར་ཐིག་ཅིག་ཡོད་པ་དེ་ནས་སྔོན་ཆད་ཁྲུང་ཁྲུང་འདིའི་རིགས་མགོ་འཁོར་ཞིག་ཟིན་ཐོར་འགོད་མྱོང་བའི་རྟགས་རེད།


  ༢༠༡༧.༣.༢༩ ལ་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའམ་གཉན་ཚོགས། NTཚོགས་པ་ནས།

གསར་འགྱུར་མཁོ་སྤྲོད་པ།  ཐེབ་པད་གྲོལ། 


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-03-29 ལྟ་ཀློག (3891)