མཚོ་སྔོན་པོའི་ན་བཟའ་བརྗེས་སོང་།


མཚོ་སྔོན་པོའི་ན་བཟའ་བརྗེས་སོང་། 

གསར་འགོད་པ་སྤྲེལ་ཉི་མ་རྒྱལ་མཚན། 

  སྤྱིར་བཏང་དུ་དགུན་དུས་མཚོ་ལ་དར་ཆགས་པ་ལ་མཚོ་ཡིས་ན་བཟའ་མནབས་པ་དང་དཔྱིད་དུས་མཚོ་དར་རླུང་གིས་སྒུལ་ནས་འགྲམ་ལ་དེེད་པའམ་མཚོ་དར་ཞི་བ་ལ་མཚོ་མོས་ན་བཟའ་བརྗེས་ཞེས་ཞེ་སའི་ཚིག་དང་བཅས་ལབ་སྲོལ་ཡོད།  འདི་ཡང་མི་ཚང་མས་མཚོ་སྔོན་པོ་ལ་ལྷ་མཚོ་ཞེས་འབོད་ཅིང་རྗེ་བཙུན་སྒྲོལ་མའི་སྐུ་གཟུགས་དངོས་ཡིན་པའི་དད་སེམས་ཀྱི་ངོས་ནས་བརྗོད་པ་ཞིག་ཡིན་པར་བསམས། ད་ལོ་ཡང་སྤྱི་ཟླ་གསུམ་པའི་ཟླ་མཇུག་འདི་ལ་མཚོ་མོས་ན་བཟའ་བརྗེས་འགོ་བརྩམས་སོང་། གསར་འགོད་པས་ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་ནས་གནས་ཚུལ་ཤེས་པ་ལྟར་ན་ད་ལོ་སྔོན་མ་དང་མི་འདྲ་ས་ནི་མཚོ་སྔོན་པོའི་གནམ་གཤིས་ཟིན་ཐོ་བྱུང་ཚུན་ལ་མཚོ་སྔོན་པོ་ཧྲིལ་བོར་མཚོ་དར་ཆགས་མ་ཐུབ་པའི་ལོ་ཐོག་མ་དེ་ཡིན་ཞེས་འགྲེལ་བརྗོད་གནང་འདུག་ལ་རྒྱུ་རྐྱེན་གཙོ་བོ་ནི་ད་ལོའི་སྤྱི་ཟླ་གཉིས་པར་མཚོ་སྔོན་པོའི་ཉེ་འགྲམ་གྱི་གནམ་གཤིས་དྲོད་ཚད་མཐོ་བར་ཕྱིན་པ་སྟེ་ལྟ་དཔྱད་ཚད་འཇལ་ལྟར་ན་ཐེམ་ཆེན་དང་རྐང་ཚའི་ཆ་སྙོམ་དྲོད་ཚད་གསུམ་ནས་བཞི་ཇེ་མཐོར་སོང་ཡོད་ཟེར།  དེ་ལས་ཀྱང་རྒྱུ་རྐྱེན་གཞན་ཞིག་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོད་ཚད་ཇེ་མཐོར་སོང་བ་དེས་མདོ་དབུས་མཐོ་སྒང་གི་གནམ་གཤིས་དྲོད་ཚད་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ཅེས་བཤད་འདུག  ལར་མཚོ་དར་འཆག་པ་དང་འཕེན་པ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་ཡིནའང་ད་ཆ་མཐོ་རྒྱལ་ཁབ་ནས་དམའ་མང་ཚོགས་བར་འདི་ལ་དོ་ཁུར་ཆེན་པོ་བྱེད་བཞིན་འདུག་ཅིང་རྒྱུ་མཚན་མཚོ་དར་འཆག་པ་དང་འཕེན་པའི་དུས་ཚོད་སྔ་ཕྱི་ཐད་ཀར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཀྱི་གནས་སྟངས་ལ་རེག་ལས་ཙ་ན་ཆེད་དུ་གསར་འགྱུར་གྱི་རྣམ་པས་བཀོད་པ་ཡིན་ནོ།།


མཚོ་སྔོན་པོའི་དཔྱིད་དུས་ཀྱི་མཛེས་ལྗོངས། 


མཚོ་སྔོན་པོའི་དཔྱིད་དུས་ཀྱི་མཛེས་ལྗོངས། 


མཚོ་སྔོན་པོའི་དཔྱིད་དུས་ཀྱི་མཛེས་ལྗོངས། 


མཚོ་སྔོན་པོའི་ན་བཟའ་བརྗེས་པ། 


མཚོ་སྔོན་པོའི་ན་བཟའ་བརྗེས་པ། 


མཚོ་སྔོན་པོའི་ན་བཟའ་བརྗེས་པ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-03-28 ལྟ་ཀློག (5184)