བོད་པའི་རིག་གཞུང་ནང་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཨེ་ཡོད།

༄༅།།བོད་པའི་རིག་གཞུང་ནང་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཨེ་ཡོད།


 པད་དཀར་འབངས་ཀྱིས།
     དེང་སྐབས་སློབ་ཆུང་དགེ་རྒན་ཞིག་ཡིན་པ་ནས་བཟུང་སློབ་ཁྲིད་ཟིན་བྲིས་འབྲི་དགོས་ཤིང་། སློབ་ཁྲིད་ཀྱི་འཆར་གཞི་དང་བརྒྱུད་རིམ། ཤེས་བྱའི་ནུས་པ་དང་དམིགས་ཚད། གཙོ་དཀའ་གནད་ཟེར་བ་སོགས་ཀྱི་ནང་དོན་རབ་དང་རིམ་པ་ཞིག་ཡོད། འོ་ན་བོད་པ་རང་གི་མཁས་རྒན་སྔ་མ་དག་ལ་འཆད་ཁྲིད་བྱེད་སྟངས་ཅི་འདྲ་ཡོད་དམ་བསམ་ན། དེ་ལ་དགེ་རྒན་གྱི་ཁྱད་པར་དང་དགེ་རྒན་དེས་ཇི་ལྟར་འཆད་པའི་ཚུལ་གཉིས་སོ།། 
༼དང་བོ།༽ དགེ་རྒན་གྱི་མཚན་ཉིད་ནི། མཁས་འཇུག་ལས། གཙང་མཁས་གཞན་ལ་ཕན་པར་འདོད། ། ཞེས་གསུངས་པ་ལྟར། བྱ་སྤྱོད་ཚད་ལྡན་ཡིན་པས་ལུས་ངག་གཙང་བ། ལུང་དང་རིགས་པ་འཛོམས་པས་མཁས་པ། ཟང་ཟིང་ལ་མི་ལྟ་བར་གཞན་ལ་ཕན་སེམས་ཡོད་པས་ལྷག་བསམ་དག་པ་སྟེ་ཁྱད་པར་གསུམ་པོ་འདི་ཚང་བ་གནད་དུ་ཆེའོ།། གཞན་འགའ་ཞིག་གིས་ལུང་རིགས་ལ་མཁས་པ་སོགས་ནི་བོད་ཡིག་འཆད་ཐབས་ཙམ་ལས་དེང་རབས་དངོས་ལུགས་དང་གྲངས་རིགས་སོགས་ལ་དགོས་པ་མེད་དོ་ཟེར་ན་ཆེས་མི་འཐད་པ་ཡིན་ཏེ། འདིའི་ལུང་ནི་རང་གིས་གང་འཆད་རྒྱུའི་བསླབ་གཞི་དེ་དང་། དེ་འབྲེལ་གྱི་གཞུང་ཚིག་མང་བོ་བློ་ཐོག་ན་ཡོད་དགོས་པའི་དོན་དང་། དེ་ནི་ཁྱོད་བསླབ་གཞི་དེ་ལ་ཆེས་བྱང་ཆ་ཡོད་པའི་རྟགས་ཤིག་ཀྱང་ཡིན། དེ་བཞིན་དུ་འདིར་བཤད་པའི་རིགས་པའང་ཐལ་སྒྲ་དང་ཕྱིར་སྒྲ་ཙམ་ལ་མི་གོ་བར་ཁྲིད་བྱ་དེའི་གོ་རིམ་སྔ་ཕྱི་མི་འཆོལ་བ་དང་། དོན་སྔ་ཕྱི་མི་འགལ་བ། དོན་གྱི་གནད་འབིགས་པར་བྱེད་པའི་གཏན་ཚིགས་དང་རྒྱུ་མཚན་ལ་རིགས་པ་ཟེར་རོ།། 
༼གཉིས་པ།༽ ཇི་ལྟར་འཆད་པའི་ཚུལ་ལས་ཐོག་མར་སྦྱོར་བ་ནི། འཆད་པ་བོས་ཁྲུས་བྱས་ཤིང་གཙང་སྦྲ་དང་ལྡན་པས་གོས་གཙང་མ་བགོས་ཏེ་རང་གི་རྙེད་བཀུར་སྙན་གྲགས་སོགས་ཟང་ཟིང་ལ་ལྟ་བ་སྤངས་ནས་གང་འཆད་པའི་གནས་སུ་འདོང་དགོས་པ་ཡིན་ཏེ། དམ་ཆོས་པད་མ་དཀར་བོ་ལས། མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། ། ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། ། སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། ། མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང་། ། བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། ། ཞེས་པ་ནས། དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། ། ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང་། ། གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། ། ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། ། འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། ། ཞེས་གསུངས་པ་ལྟར་རོ།། 
༼གཉིས་པ།༽དངོས་གཞིའི་སྐབས་སུ། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་དང་ལྡན་པ་གསུམ་གྱི་སྒོ་ནས་འཆད་དགོས་པས། དང་བོ་མཁས་པའི་ཤེས་རབ་ལའང་གསུམ་སྟེ། ༡ ཤེས་བྱ་ཀུན་ལ་མཁས་ནའང་ལེགས་མོད་ཀྱི་གང་འཆད་པ་དེའི་ཚིག་དོན་ལ་ལུང་རིགས་མན་ངག་དང་ལྡན་པས་བཤད་བྱ་ལ་མཁས་པ། ༢ གང་ནས་བཤད་ཀྱང་སྐབས་དོན་དང་འབྲེལ་བ། ཇི་ཙམ་བཤད་ཀྱང་རྒྱས་བསྡུས་རན་པ། ཇི་ལྟར་བཤད་ཀྱང་གཞུང་དོན་དང་འཐུན་པས་འཆད་བྱེད་ལ་མཁས་པ། 
༣ འཆད་པ་བོ་རང་གི་སྒོ་གསུམ་བཙུན་ཞིང་དགེ་བས་གཞན་གྱིས་བཀུར་བར་འོས་པའི་རང་གི་ཀུན་སྤྱོད་ལ་མཁས་པ་དང་། སློབ་མའི་ཁམས་དང་མོས་པ་དང་མཐུན་པར་བསླབ་པར་བྱ་བ་གང་ལ་གང་མཚམས་ཀྱིས་སྟོན་པས་གཞན་གྱི་ཀུན་སྤྱོད་ལ་མཁས་པ་དང་གསུམ་མོ།། 
གཉིས་པ་བརྩེ་བའི་བསམ་པ་ནི་སྔར་བཤད་པ་ལྟར་ཉན་པ་བོ་ལ་གང་འཆད་པའི་དོན་དེ་ཟང་ཟིང་ལ་ལྟོས་མེད་དུ་ཕན་པའི་སེམས་ཀྱིས་ལེགས་པར་སྟོན་པའོ།།
གསུམ་པ། སྦྱོར་བ་བཟོད་པ་དང་ལྡན་པ་ནི་འཆད་དུས་ཀྱི་ངལ་དུབ་དང་དཀའ་ལས་ལ་སྐྱོ་བ་མེད་པའི་བཟོད་པ་དང་། སློབ་མས་དྲི་བར་བཟོད་པ། གཞན་གྱིས་བརྩད་པར་བཟོད་ཅིང་ལན་འདེབས་ནུས་པས་ན་བཟོད་པ་དང་ལྡན་པའོ།།  
གཞན་ཡང་། སློབ་མའི་སྤྲོ་བ་བསྐྱེད་དེ་འཆད་པ་དང་། སྐྱོན་རྣམས་སྤངས་ཏེ་འཆད་པའི་ཚུལ་གཉིས་ཡོད་དེ། (༡) ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་བཤད། ། གསུངས་པ་ལྟར།སློབ་མ་བློ་གྲོས་རྟུལ་བ་དང་དང་ལོངས་སྤྱོད་ཞན་པ་ལོ་མཐོ་བ་ལ་སོགས་པའི་སྒོ་ནས་བློ་ཞུམ་ཆེ་སྟེ་ཉན་པར་མི་འདོད་པ་ལ་འཕགས་པ་ལམ་ཕྲན་པ་དང་། རྒན་པོ་དཔལ་སྐྱེས་དང་། བ་ལང་བདག་ལ་སོགས་ཀྱི་ལོ་རྒྱུས་ཀྱིས་སྤྲོ་བ་བསྐྱེད། རྒོད་པའི་དབང་གིས་རྣམ་པར་གཡེང་ཆེ་བ་ལ་སྐྱེ་རྒ་ན་འཆི་སོགས་སྐབས་སུ་བབས་པའི་གཏམ་གྱིས་སེམས་སློབ་ཁྲིད་ལ་འབབ་པར་བྱ་བའོ།། རྨུགས་པ་རྣམས་ནི་ངོ་མཚར་གྱི། ། གཏམ་བཤད་ནས་ནི་ཉན་དུ་གཞུག ། གསུངས་པ་ལྟར་རྨུགས་པ་ཆེ་ཞིང་གཉིད་ཀྱིས་བཏུབ་པ་ལ་སེང་གེ་དང་ཝ་སྐྱེས་ཀྱི་གཏམ་རྒྱུད་ལྟ་བུའི་བློ་ལེགས་པར་དཀྲུ་བའི་སྒྲུང་སོགས་ཀྱིས་རྨུགས་པ་སངས་པར་བྱའོ།། (༢)འཆད་པའི་སྐྱོན་རྣམས་སྤངས་ནས་ནི། ། ཤིན་ཏུ་བརྩེ་བའི་བསམ་པས་བཤད། ། གསུངས་པ་བཞིན། ལེགས་པར་མི་འཆད་པ་དང་། ཐེ་ཚོམ་གྱི་སྒོ་ནས་འཆད་པ་དང་།  དཀའ་བའི་གནས་ལ་བྱིལ་བྱིལ་བོ་སྟེ་འཇམ་པོར་སྨྲ་བ་དང་། དགོས་པའི་གནས་སུ་མི་སྤྲོ་བ་དང་། མི་དགོས་པར་སྤྲོ་བ་དང་། གོང་འོག་འབྲེལ་འདུག་པ་ལ་འཁྲུགས་པ་མི་བསྡེབ་པར་སྨྲ་བ་དང་། གོང་འོག་མ་འབྲེལ་བ་ལ་དཀྲུགས་ཏེ་བཤད་པ་དང་། གོང་དུ་བཤད་རྒྱུ་འོག་ཏུ་འདོར་བ་དང་། འོག་ཏུ་བཤད་རྒྱུ་གོང་དུ་ལེན་པ་དང་། སྐབས་སུ་མ་བབ་པ་བཤད་པ་དང་། བབ་པ་མི་བཤད་པ་དང་། བརྗོད་པ་མཐོ་དམན་ཅན་དང་། མི་གསལ་བ་དང་། སུབ་སུབ་པོར་བཤད་པ་དང་། མྱུར་ཆེས་པ་དང་། བུལ་ཆེས་པ་དང་། ཚིག་དང་དོན་ལེགས་པར་བརྡ་མི་སྤྲོད་པ་ལ་སོགས་པ་འཆད་པའི་སྐྱོན་རྣམས་སྤངས་པའོ།།  ཞེས་དགེ་རྒན་གྱི་འཆད་ཐབས་སོགས་ནི་རང་མི་རིགས་ལའང་ཐུན་མིན་ཁྱད་ཆོས་དང་ལྡན་པ་ཞིག་ཡོད་པའི་བརྡ་ཙམ་དུ་ཆེས་ཤིན་དུ་ཉུང་ངུར་བྲིས་སོ།།

       2017  3   19

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-19 ལྟ་ཀློག (5497)