ད་ལོར་མཚོ་སྔོན་གྱི་སློབ་ཆེན་དཀྱུས་མར་དྲ་ཐོག་ནས་རེ་འདུན་བསྐང་རྒྱུ་རེད།

2017ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་དཀྱུས་མའི་སློབ་བསྡུ་དེ་དྲ་ཐོག་ནས་ཐོ་འགོད་དང་རེ་འདུན་བསྐང་དགོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།

      ཟླ3པའི་ཚེས8ཉིན་གསར་འགོད་པས་ཞིང་ཆེན་སློབ་བསྡུ་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་དཀྱུས་མའི་སློབ་བསྡུ་དེ་དྲ་ཐོག་ནས་ཐོ་འགོད་དང་རེ་འདུན་བསྐང་དུ་འཇུག་རྒྱུ་རེད།

  རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་སློབ་ཆེན་དཀྱུས་མའི་མཐོ་རྒྱུགས་དྲ་ཐོག་ནས་རེ་འདུན་འགོད་རྒྱུ་མ་ལག་སྤྱོད་ཐབས་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་། དང་བླངས་རེ་འདུན་རེའུ་མིག་འགོད་པའི་མ་ལག་ལ་གོམས་ལོབས་དང་། བདེ་འཇགས་དང་བརྟན་པོ་ཡོང་བ་བཅས་ཀྱི་ཚད་ལེན་ཚོད་ལྟ་ཡག་པོ་བསྒྲུབ་ཆེད། ཟླ་གསུམ་པའི་ཚེས10ཉིན་ནས་ཚེས12བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱས་པ་རེད།

  ཞིང་ཆེན་སློབ་བསྡུ་གཞུང་དོན་ཁང་གིས་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་དོན་ཁང་དང་། འབྲེལ་ཡོད་ཀྱི་མཐོ་འབྲིང་སློབ་གྲྭ་ཁག་ལ། དྲ་ཐོག་ཐོ་འགོད་དང་རེ་འདུན་བསྐང་བའི་ཚོད་ལྟའི་ཚུལ་གྱི་ལས་ཀར་སོ་སོ་ནས་སྦྱོང་བརྡར་ཡག་པོ་བྱེད་དགོས་པ་དང་། རྒྱུགས་སྤྲོད་སློབ་མ་ཡོད་ཚད་ཀྱིས་གཏན་འབེབས་བྱས་པའི་དུས་ནང་མ་ལག་ལ་ཐོ་འགོད་བྱས་ནས་དྲ་ཐོག་རེ་འདུན་རེའུ་མིག་འགོད་ཚུལ་སློབ་མ་རེ་རེར་ཤེས་སུ་བཅུག་ནས་དྲ་ཐོག་ཐོ་འགོད་དང་རེ་འདུན་རེའུ་མིག་དངོས་སྐོང་དུས་གོ་རིམ་ཁོང་དུ་ཆུད་པ་ཞིག་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ལོ་ཙཱ་བ། ཨ་གཡང་སྐྱིད།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-03-13 ལྟ་ཀློག (3104)