བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་འདུ་འཛོམས།

བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་འདུ་འཛོམས།

   2017 ལོའི་སྤྱི་ཟླ་གཉིས་པའི་ཚེས་12ཉིན་གྱི་དུས་ཚོད་11སྟེང་། ངེད་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་ཆ་ཚང་འདུ་འཛོམས་ཐེངས་གཉིས་པ་བྲག་དཀར་རྫོང་གེ་སར་ཚོང་ལས་ལམ་ཆེན་གྱི་གསོལ་ཁང་ཞིག་ཏུ་འཚོགས་པ་ཡིན།   «འཇིགས་མེད་མཉམ་སྐྱོད་»ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་བྲག་དཀར་རྫོང་གི་སློབ་མ་ཡོངས་ལོ་རེ་རེར་འདུ་འཛོམ་གྱི་ཆེད་སྤྱོད་མིང་ཞིག་ཡིན་ལ། ཚོགས་དོན་ནི་སློབ་གྲོགས་ཕན་ཚུན་བར་གྱི་མཛའ་བརྩེ་དང་མཐུན་ལམ་ཇེ་ཟབ་དང་འབྲེལ་ཏེ་སྤྱི་ཚོགས་ལ་རང་རང་གི་ཤེས་འཇོན་དང་རིག་གནས་སྣ་མང་གི་སྒོ་ནས་ཞབས་ཕྱི་སྒྲུབ་དགོས་ཚུལ། མི་རིགས་ཕན་ཚུན་བར་གྱི་མཐུན་སྒྲིལ་ལ་དོ་ཁུར་དང་ནུས་ཤུགས་འདོན་དགོས་ཚུལ་གྱི་སྐོར་ནས་ཁ་བརྡ་དང་བསམ་ཚུལ་སྣ་ཚོགས་བརྗེ་རེས་དང་གྲོས་བསྡུར་བྱས་ཏེ་སློབ་གྲོགས་ཚོ་ཇི་ལྟར་མདུན་དུ་བསྐྱོད་དགོས་པ་དེ་ཡིན།  ད་རེས་ཀྱང་ང་ཚོ་དེ་ནང་བཞིན་དུ་འཚོགས་ཤིང་འགན་འཛིན་པ་གཙོ་བོ་ཨ་ལགས་འཇིགས་མེད་འཕགས་པ་དང་དྲུང་ཡིག་འཇམ་དབྱངས་བཀྲ་ཤིས་གཉིས་ཀྱིས་ཐོག་མའི་འགོ་འཛིན་བྱས།

  ཐེངས་འདིར་ང་ཚོའི་གྲོས་བསྡུར་གཙོ་བོ་ན་ནིང་2016ལོར་བཙུགས་པའི་བྲག་དཀར་རྫོང་གི་«བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་»བརྗོད་གཞི་བྱས་ཏེ། དཔར་ཁང་འདི་ཉིད་ཇི་ལྟར་དུ་སྤྱི་ཚོགས་ཀྱི་ཉེ་བར་བཅར་དགོས་ཚུལ། དཔར་ཁང་འདི་ནི་ང་ཚོའི་ཁེ་ཕན་གྱི་ལས་ཀ་ཁོ་ན་ཙམ་ཡང་མ་ཡིན་པར། འདི་ནི་རྒྱ་ཆེའི་མི་མང་གི་དགོས་མཁོ་ཁོ་ནར་ཁ་ཕྱོགས་དགོས་པ། སྤྱི་ཚོགས་ལ་ཕན་པའི་སློབ་གསོའི་རང་བཞིན་ཅན་ཞིག་ཏུ་བསྐྱོད་དགོས་པ། རིག་གནས་འཛུགས་སྐྲུན་དང་གསར་གཏོད་རང་བཞིན་དུ་བསྙེག་དགོས་པ། གཞན་ཡང་། དཔར་ཁང་ནང་གི་ལས་བཟོ་བའི་ཞབས་ཕྱིའི་རྣམ་འགྱུར་དང་མགྲོན་པོ་སྣེ་ལེན་བྱེད་སྟངས་ཡག་དགོས་པ་འདི་ཡང་ང་ཚོའི་སྐབས་བསྟུན་གྱི་དགོས་མཁོ་དང་འཁྲབ་སྟོན་རང་བཞིན་ཙམ་མིན་པར། འདི་ནི་མི་ཆོས་ཀུན་སྤྱོད་ཀྱི་རིག་གནས་ཚད་ལྡན་ཞིག་དང་། ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་མ་གཞི་འདི་དག་ཚང་བའི་མི་ཆོས་ཀུན་སྤྱོད་ཀྱི་རིག་གནས་ཡང་དག་པ་ཞིག་ཡིན་ཚུལ་སོགས་ཀྱི་གླེང་གཞི་སྣ་ཚོགས་གྲོས་བསྡུར་བྱས་པ་ཡིན་ལ།

    མདོར་ན་ང་ཚོའི་དཔར་ཁང་ནི་ཁེ་ལས་རང་བཞིན་དང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་སྒོ་ནས་ལམ་དུ་ཆས་པ་ཞིག་ཡིན་ནའང་འདི་ནི་རང་རྒྱལ་གཞན་ཕམ་གྱི་འདོད་ཧམ་ཁོ་ན་དོན་དུ་གཉེར་བ་མ་ཡིན་པར། རང་གཞན་གཉིས་ཕན་གྱི་རིག་གནས་སློབ་གསོ་རང་བཞིན་ཅན་ཞིག་ཏུ་བསྐྱོད་རྒྱུ་དང་། སྤྱི་ཚོགས་སད་རྟོགས་རང་བཞིན་ཅན་ཞིག་ཏུ་བསྐྱོད་རྒྱུ་དང་།  མི་རིགས་ཞབས་ཕྱི་རང་བཞིན་ཅན་ཞིག་ཏུ་བསྐྱོད་རྒྱུ་བཅས་ནི་ང་ཚོ་སློབ་གྲོགས་ཐུན་མོང་གི་རྩ་བའི་ཆོད་སེམས་དང་ལྷག་བསམ་ཡིན་པ་དང་།  འཆམ་མཐུན་གྱི་མི་རིགས་ཡོངས་ལ་བཅངས་པའི་རེ་བ་དང་ཡིད་ཆེས་ཡིན་པ་སོགས་ཀྱི་ཁ་བརྡ་བགྲོ་གླེང་སྣ་ཚོགས་བྱས་ཤིང་། ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་བགྲོ་གླེང་གི་མཇུག་རྒྱལ་ཁའི་ངང་བསྡུས་ཏེ་ཚོགས་འདུ་གྲོལ་བའོ།།

མཉམ་འཛོམས་འདྲ་པར།

གསར་འགྱུར་མཁོ་སྤྲོད།  དཀོན་མཆོག་ཆོས་རྒྱན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-02-14 ལྟ་ཀློག (5155)