རི་མོ་བ་བསྟན་འཛིན་ནོར་བུ་དང་ཁོང་གིས་བྲིས་པའི་ཕ་ཡུལ་དོལ་པོ།

རི་མོ་བ་བསྟན་འཛིན་ནོར་བུ་དང་ཁོང་གིས་བྲིས་པའི་ཕ་ཡུལ་དོལ་པོ།

  ཨོ་སི་ཁཱ་བྱ་དགའི་འོས་འདེམ་གློག་བརྙན་དུ་ཚུད་པའི་གློག་བརྙན(ཧི་མ་ལ་ཡ)ཞེས་པར་བལ་བོའི་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་ལྷིང་འཇགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་སྟེ། དོལ་པོའི་ས་ཆར་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་པ་དང་། ཡུལ་དེ་ནི་ལྷ་རིས་པ་བསྟན་འཛིན་ནོར་བུའི་ཕ་ཡུལ་ཡང་ཡིན། གློག་བརྙན་དེའི་ནང་བྱུང་བའི་ཨ་མ་དེ་ནི་ཁོང་གི་ཨ་མ་དངོས་ཡིན་ཞིང་། ཁོང་ནི་ལྷ་རིས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཁྱིམ་རྒྱུད་ནང་མི་རབས་ལྔ་ཡིས་ཡུལ་དེའི་དགོན་པར་རི་མོ(ཐང་ག་དང་ལྡེབས་རིས)འབྲི་བཞེངས་མཛད་པ་ཡིན་པ་རེད། བྱིས་དུས་སུ་ཨ་ཕའི་གམ་ནས་རི་མོ་འབྲི་བར་བལྟས་ནས་བསྡད་ཅིང་དེ་ནས་རང་ཉིད་ཀྱིས་བྱེ་མ་དང་ཁ་བའི་ཁྲོད་དུ་རི་མོ་བྲིས།

 ཁོང་གི་རི་མོ་བརྩམས་ཆོས་ཁག་གི་བརྗོད་བྱ་ནི་ཆོས་ལུགས་རྐྱང་རྐྱང་མ་ཡིན་པར་མང་ཆེ་བ་ནི་རི་བོ་ཧི་མ་ལ་ཡའི་རྒྱུད་དུ་གནས་བའི་འབྲོག་པ་ཚོའི་རྒྱུན་ལྡན་འཚོ་བ་མཚོན་པར་བྱས་ཡོད།


ཕ་ཡུལ་ནི་བླ་མ་བསྟན་འཛིན་ནོར་བུའི་སྨྱུག་ཁའི་ཆེས་གསོན་ཉམས་དོད་པའི་ནང་དོན་དེ་ཡིན་ཞིང་། ཁོང་གི་རི་མོའི་ཁྲོད་དོལ་པོ་ནི་ལྷའི་མགོན་སྐྱབས་དང་སངས་རྒྱས་བསྟན་པའི་འོད་སྣང་འཕྲོས་པའི་ཡུལ་གྲུ་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱིས་རང་དབང་རང་མོས་ཀྱིས་ངལ་རྩོལ་བྱེད་པ་དང་། བརྩེ་དུང་ལ་རོལ་བ། མི་རྒྱུད་སྐྱེད་སྲིང་བྱེད་པ། རང་བྱུང་ཁམས་དང་ཕྱི་ནང་གཅིག་ཏུ་འདྲེས་བའི་གནས་མཆོག་ཅིག་ཀྱང་ཡིན།

 ཕྱི་རོལ་དུ་བཟོ་ལས་དང་ཨར་འདམ་གྱིས་འཇབ་རྒོལ་ཐེབས་བཞིན་པའི་སྐབས་སུ་རི་ཀླུང་ཁྲོད་ཀྱི་དོལ་པོའི་ཡུལ་དུ་སྔར་བཞིན་ལྷད་མེད་ཀྱི་སྲོལ་རྒྱུན་བོར་མེད།

གློག་བརྙན་༼ཧི་མ་ལ་ཡའི་༽འཁྲབ་ཁྲིད་པ་Eric Vallyཡིས་སྔོན་གྱི་དུས་སུ་དོལ་པོའི་རིག་གནས་ནི་དགུན་གྱི་ཁ་བ་བཞིན་རིམ་གྱིས་ཞུ་བཞིན་ཡོད། གལ་ཏེ་ང་ཚོས་མཉམ་དུ་གློག་བརྙན་འདི་ཕབ་སྐྲུན་བྱས་པ་ཡིན་ན། རྗེས་ཕྱོགས་སུ་ང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་གློག་བརྙན་འདི་བརྒྱུད་ནས་མེས་པོ་ཚོ་འཚོ་གནས་བྱས་མྱོང་བའི་ཡུལ་གྲུ་དེ་མཐོང་ཐུབ་ཅེས་བཤད་མྱོང་བ་བཞིན། ང་ཚོས་བླ་མ་བསྟན་འཛིན་ནོར་བུའི་རི་མོ་ཁག་ལས་ཀྱང་དོལ་པོའི་ཡུལ་གྱི་བོར་ཟིན་པ་དང་འབོར་བཞིན་པའི་སྲོལ་རྒྱུན་དང་རང་བྱུང་ཁམས་ཆེན་མོ་མཐོང་ཐུབ་བོ།།

རྩོམ་ཁུངས། དྲྭ་ལམ་འཕྲིན་སྟེགས་ལས་བཏུས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-02-11 ལྟ་ཀློག (9864)