རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཁམས་ནང་ཆེན་དུ་ཕེབས་པའི་མཛད་འཕྲིན་གནད་བསྡུས།

༈ བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཁམས་ནང་ཆེན་དུ་ཕེབས་པའི་མཛད་འཕྲིན་གནད་བསྡུས།

  ནང་ཆེན་ཡུལ་མིས་དགེ་རྒན་ཕེབས་སྒུག་གི་རྣམ་པ།

     བསིལ་ལྡན་བོད་ཀྱི་དེང་རབས་རྩོད་མེད་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ནང་ཆེན་གངས་རིའི་བྱམས་བརྩེ་ཡར་སྐུལ་ཚོགས་པ་དང་། ནང་ཆེན་དགེ་ལས་ཞབས་ཞུ་ཚོགས་པ་ཟུང་གིས་ས་གནས་སློབ་གསོ་དང་དཔལ་འབྱོར་གོང་སྤེལ་ལ་ལམ་སྟོན་དུ་ཡང་ཡང་གདན་འདྲེན་ཞུས་པ་ཞལ་བཞེས་ལེགས་པར་གནང་སྟེ། སྤྱི་ལོ་༢༠༡༧ ལོའི་ཟླ་༡ བོའི་ཚེས་ ༢༥ ཉིན་སྒོམ་སྡེ་ནང་ཆེན་ལུང་བར་ཕེབས་བཞིན་པ།


རང་རེའི་གསར་འགོད་པ་གླིང་རུ་བསམ་འགྲུབ་ཚེ་རིང་གིས་མདོ་འཛིན་བྱེད་བཞིན་པ།


དགེ་རྒན་རིན་པོ་ཆེས་གསུང་བཤད་གནང་བཞིན་པ།


    སྤྱི་ཚེས་༢༥ ཉིན་གྱི་ཕྱི་དྲོར་ནང་ཆེན་གྱི་དགེ་རྒན་དག་ལ་གཙོ་བོར་ཁ་ཕྱོགས་ཏེ་དགེ་རྒན་དང་སློབ་མའི་ཀུན་སློང་ཀུན་སྤྱོད། སློབ་གསོའི་ཁ་ཕྱོགས་ཀྱི་བཀའ་སློབ་དང་དྲི་བ་དྲིས་ལན་ཡིད་འཁུལ་བ་གནང་། སྤྱི་ཚེས་༢༦ ཉིན་གྱི་སྔ་དྲོའི་དུས་ཚོད་༡༠ ཕྱེད་ནས་༡ བོའི་བར་ལས་རིགས་སོ་སོའི་མི་སྣ་དང་། མང་ཚོགས། རབ་བྱུང་བ་དག་ལ་མཉམ་སྒྲུབ་ཚོང་སྡེ་སྒྲུབ་ཚུལ་དང་དགེ་མཚན་བཅས་ཀྱི་བརྗོད་གཞིའི་སྟེང་བཀའ་སློབ་རྒྱས་པ་དང་། ཕྱི་དྲོའི་དུས་ཚོད་༣ པ་ནས་༦ པའི་བར་རབ་བྱུང་དང་སློབ་མ་རྣམས་ལ་དམིགས་བསལ་ལམ་སྟོན་གྱི་བཀའ་སློབ་གནང་བས་ས་གནས་མང་ཚོགས་ཐམས་ཅད་དགའ་བའི་འཛུམ་གྲོལ་ཅིང་། རྒན་གཞོན་ལྟོས་མེད་ཀྱི་སྐྱེ་འགྲོ་མང་བོས་ཁོང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་། བོད་ཀྱི་སློབ་གསོ་ཡུན་དར། མ་འོངས་པར་ཡང་དགེ་རྒན་མཆོག་གི་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་ཡང་ཡང་ཕ་ཡུལ་ནང་ཆེན་དུ་འཁོད་པའི་གསོལ་སྨོན་གྱི་ཀློང་ནས་ཐེངས་འདིའི་སྒོམ་སྡེ་ནང་ཆེན་ཡུལ་གྱི་སྣ་འཛོམས་སློབ་གསོའི་བགྲོ་གླེང་ཆེན་མོ་མཇུག་ལེགས་པར་བསྡུས། མཚན་མོར་བཞུགས་སྒར་དུ་ཚོགས་པ་གཉིས་ཀྱི་ཚོགས་མི་ཡོངས་ན་བཀའ་དྲིན་བཏང་རག་གི་ཡོན་དུ་མཎྜལ་བཏེགས་ཤིང་བསྟན་འགྲོ་དང་ཆོས་རིག་ལ་ཞབས་ཕྱི་གང་ནུས་ཞུ་ཐུབ་པའི་སྨོན་ལམ་མཉམ་དུ་གསུངས།


      དམངས་སྒྲུབ་ཚོགས་པ་འདི་གཉིས་ཀྱིས་ད་ལྟའི་བར་ཕ་ཡུལ་མི་མང་ལ་ཞབས་འདེགས་དང་། དོན་བཟང་ཤིན་ཏུ་མང་བོར་སྣ་འདྲེན་ཞུས་པར་མ་ཟད། ལོ་ངོ་མང་བོར་བོད་སྐད་ཡིག་གི་རིན་མེད་གསབ་སྦྱོང་དང་། སློབ་མའི་ཡོ་བྱད་སོགས་རྫོང་མཁར་གྱི་ཚོང་ཁང་གཞན་ལས་ལྡབ་འགྱུར་གྱིས་གོང་དམའ་མོའི་སྒོ་ནས་བཙོང་སྟེ་ཁྱིམ་བདག་དང་སློབ་མ་ཤིན་ཏུ་མང་བོར་སྟབས་བདེ་བསྐྲུན་ཡོད།

    ད་ལན་ཡང་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཕ་ཡུལ་དུ་གདན་འདྲེན་ཞུས་པ་འདིས། ནང་ཆེན་གྱི་མི་མང་དག་ལ་ས་གནས་སློབ་གསོ་དང་། དཔལ་འབྱོར་གོང་སྤེལ་གྱི་འདུ་ཤེས་ལ་ཕན་ཧ་ལས་པ་ཐོགས་ཡོད་པར་གདོན་མི་ཟ། སློབ་དཔོན་མཆོག་གི་གསེར་ཞལ་གང་དུ་འཁོར་བའི་ས་ཕྱོགས་ཀུན་ཏུ་བཀྲ་ཤིས་མཐུན་སྒྲིལ་གྱི་གཞི་ཆགས་ཤིང་། ཆོས་དང་རིག་གནས་ཀྱི་དཔལ་དར་བའི་སྨོན་ལམ་ཡང་བདག་སོགས་རེ་ལྟོས་ཡོངས་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་། ལོ་གསར་བའི་ནང་མགོན་པོ་མཆོག་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡོངས་སུ་འགྲུབ་སྟེ། སྐུ་གཟུགས་གསལ་དྭངས་སྒོས་བོད་ཀྱི་ཆོས་རིག་གི་དཔུང་གཉེན་དུ་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་པའི་སྨོན་ལམ་ལན་བརྒྱར་འདེབས།

དགེ་རྒན་རིན་པོ་ཆེར་བཀའ་དྲིན་མཚོན་པའི་ལེགས་སྐྱེས་འབུལ་བཞིན་པ།

 ཚོགས་པ་ཟུང་གི་ཚོགས་མི་ཡོངས་ནས་མཎྜལ་འདེགས་པ།

ཚོགས་ཞུགས་དགེ་རྒན་གྱིས་བཀའ་འདྲི་ཞུ་བཞིན་པ།

ཚོགས་པ་ཟུང་གི་ཚོགས་མི་དང་དགེ་རྒན་ལྷན་པར།

གསར་འགོད་པ། གླིང་རུ་བསམ་འགྲུབ་ཚེ་རིང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-01-28 ལྟ་ཀློག (12172)