ལོ་སར་ཤིས་ཚིག་འཆམ་མཐུན་གཡང་གི་འོ་མཚོ།

ལོ་སར་ཤིས་ཚིག་འཆམ་མཐུན་གཡང་གི་འོ་མཚོ།

 

སླེབས་བྱུང་སླེབས་བྱུང་མེ་བྱ་ལོ་སླེབས་བྱུང་།།

གནམ་ལོ་གསར་བའི་འཛུམ་ཞལ་གྲོལ་བཞིན་སླེབས།།

དགེ་ལེགས་འོ་མཚོའི་རྦ་རླབས་འཕྱོ་བཞིན་སླེབས།།

འཆམ་མཐུན་ངང་བྱས་མགྲིན་རྔ་རྡུང་བཞིན་སླེབས།།

 

ལོ་ལོན་རྒན་རྒོན་འདི་ལ་འཇིགས་ཀྱང་ཆོག།

བར་མ་རྣམས་ནི་འདི་ལ་སུན་ཡང་རུང་།།

བྱིས་པ་དགའ་བར་བྱེད་པའི་ལོ་སར་འདི།།

དགའ་སྐྱོ་ཇི་ལྟར་གྱུར་ཀྱང་འབྱུང་བ་ཞིག།

 

དུས་བཞིའི་འགྱུར་ལྡོག་རང་བྱུང་ཆོས་ཉིད་ཡིན།།

ཡིན་ཚད་སེམས་ཀྱིས་ཤེས་ན་རྟེན་འབྲེལ་ཡོད།།

ཡོད་ཚད་གཡང་དུ་སྨིན་བྱེད་གཡང་གི་མེ།།

མེ་བྱའི་ལོ་རུ་སྦར་བའི་བཀྲ་ཤིས་ཤོག།

 

གནམ་ལ་ཉི་ཟླ་གསལ་བའི་བཀྲ་ཤིས་ཤོག།

ས་ལ་རྩི་བཅུད་སྨིན་པའི་བཀྲ་ཤིས་ཤོག།

བར་ལ་འབྱུང་བཞི་མཐུན་པའི་བཀྲ་ཤིས་ཤོག།

ཀུན་ལ་འཆམ་མཐུན་གཡང་གིས་བཀྲ་ཤིས་ཤོག།

 

ཞི་བདེ་བདུད་རྩི་འདོད་པ་ཕལ་མོ་ཆེ།།

འཆམ་མཐུན་ཆེད་དུ་འབད་པའང་ཕལ་ཆེར་མཐུན།།

དེ་གཉིས་རྩ་བ་ནང་གི་སེམས་ཀྱི་གཤིས།།

རྙེད་དང་མ་རྙེད་འདི་ཡིས་བདེ་སྡུག་བྱུང་།།

 

འདི་ནས་ཞི་བདེ་ནང་ལ་འཚོལ་བ་དང་།།

འཆམ་མཐུན་སེམས་ནས་བསྐྲུན་པའི་གསང་བ་ཆེ།།

སེམས་དང་སེམས་བྱུང་ཚུལ་ལུགས་ཤེས་པ་ཡི།།

བདེན་དོན་གསལ་བའི་མེ་ལྕེ་མཆེད་པར་ཤོག །

ཕྱི་ནང་ཆོས་ཀྱི་ངོ་བོ་ཙམ་མཐོང་བའི།།

སེམས་ཀྱི་རྒྱལ་བོར་སྣ་ཚོགས་ཡུལ་གྱི་ཁྱད།།

གསལ་བར་ཞུ་བའི་སེམས་བྱུང་བློན་པོའི་ཚོགས།།

རྩོད་མེད་འཆམ་མཐུན་འབྱུང་བའི་བཀྲ་ཤིས་ཤོག།

 

དགེ་དང་མི་དགེ་བཟང་ངན་སྣ་ཚོགས་དང་།།

འབྲེལ་བའི་སེམས་ཀྱི་རྗེས་འབྲངས་ཀུན་འགྲོ་ལྔ།།

ཀུན་ལ་འཁྱམས་པ་ལྡོག་ནས་དགེ་སེམས་ཕྱིར།།

འབྲངས་པའི་ཡུལ་ངེས་ལྔ་ལ་དབང་བར་ཤོག།

 

རང་བྱུང་འཇིགས་པ་ཟེར་ཡང་ཕར་དེད་ན།།

སེམས་ཅན་རང་གིས་བསྐྱེད་ཅིང་སེམས་ལ་ཐུག།

སེམས་ཀྱང་རྩ་ཉོན་དྲུག་གིས་བསླུས་པའི་ཚུལ།།

ཤེས་ནས་རྩ་ཉོན་གདོན་ཚོགས་མཐར་བསྐྲོད་ཤོག།

 

དེ་ལྟར་སེམས་རྒྱུད་ཉོག་བྱེད་རྩ་བ་དེས།།

ཉེ་བར་བསྐྱེད་པའི་ཉེ་ཉོན་ཉི་ཤུའི་དམག།

འཇོམས་པའི་རྩལ་རྫོགས་དགེ་བ་བཅུ་གཅིག་ལ།།

སྔར་ལས་འབྲེལ་བ་ཟབ་པའི་བཀྲ་ཤིས་ཤོག

 

མི་དགེ་དགྲ་དང་འབྲེལ་ཚེ་དགྲ་རུ་འགྱུར།།

དགེ་སེམས་གཉེན་དང་འཕྲད་ན་གཉེན་འགྱུར་བའི།།

གཞན་འགྱུར་ངོ་གཉིས་མ་ཡང་འགྱུར་མེད་པའི།།

གྲོགས་སུ་འགོད་ནུས་སེམས་ལ་དབང་འབྱོར་ཤོག།

 

དེ་ལྟར་སེམས་འདི་ཞི་བདེའི་རྩ་བ་དང་།།

འཆམ་མཐུན་རྨང་གཞི་སེམས་ལས་བྱུང་བ་ལ།།

སྔོན་མེད་ངེས་པ་རྙེད་ནས་སྣོད་བཅུད་ཀུན།།

བཀྲ་ཤིས་གཡང་གིས་བརྒྱན་པའི་བཀྲ་ཤིས་ཤོག།

༢༠༡༧ ལོའི་ཟླ༡༢ཚེས ༣༠ཉིན། འཛྲ་ཚུལ་ཁྲིམས་རྒྱ་མཚོས་བླ་བྲང་བཀྲ་ཤིས་འཁྱིལ་ནས།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-28 ལྟ་ཀློག (4096)