ཧྲེ་གྱའི་དྲི་མེད་ལགས་ལ་སྤྲིངས་པའི་འཕྲིན།

ཧྲེ་གྱའི་དྲི་མེད་ལགས་ལ་སྤྲིངས་པའི་འཕྲིན།

ཧྲོང་བོ་ཚེ་བརྟན་རྒྱལ་ནས།

       ཧྲེ་གྱའི་སྐུ་ཞབས་དྲི་མེད་ལགས། ཐོག་མར་ཁྱེད་ལ་གུས་འདུད་ཅིག་ཞུ།བར་སྐབས་འདི་རུ་ཁྱེད་ཀྱིས་ཨེ་ཙིའི་ནད་དུག་གི་གཉེན་པོའི་སྨན་བསྟེན་གྱིན་ཡོད་ཚོད་རེད་ལ།དེ་ཡིས་ཁྱེད་ཀྱི་ལུས་ཁམས་སྔར་ལས་ཇེ་བདེ་རུ་སོང་ཨེ་འདུག      སྔར་ལས་ནད་བབ་ཇེ་ཡང་དུ་སོང་ཡོད་པར་སྨོན།

   དོ་དགོང་ངས་འདི་རུ་ཁྱེད་ལ་སེམས་གཏམ་ཞིག་བཤད་འདོད་པ་འཕྲིན་ཡིག་གི་ཚུལ་དུ་འབྲི་བཞིན་ཡོད། ད་ལྟ་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་བཅུ་གསུམ་དག་དག་རེད།དོ་དགོང་ངས་ཁྱེད་ལ་འཕྲིན་ཡིག་ཅིག་འབྲི་འདོད་བྱུང་སོང་།མདང་དགོང་གཉིད་ཆག་ཡོད་ན་ཡང་ངས་དེ་ལ་ཁ་ཡ་བྱེད་རྒྱུ་མིན།སྐུ་ཞབས་དྲི་མེད་ལགས། ཐོག་མར་ངས་རང་ཉིད་ཁྱེད་ལ་ངོ་སྤྲོད་ཅིག་བྱེད།ང་ནི་སྨན་པ་ཞིག་ཡིན། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་བོད་སྨན་ཁང་གི་སྨན་པ་ཞིག་ཡིན། དོ་དགོང་ནས་བཟུང་འུ་གཉིས་གྲོགས་པོ་ཡིན། སྤུན་ཟླ་ཡིན།ཁྱེད་ནི་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྨན་ཡུལ་ཚོའི་ཧྲེ་གྱའི་དྲི་མེད་ལགས་རེད། ཁྱེད་ནི་དུས་ད་ལྟའི་བར་དུ་ཁ་བ་གངས་ཅན་ལྗོངས་སུ་རང་ཉིད་ལ་ཨེ་ཙིའི་ན་ཚ་འགོས་ཡོད་པ་གསལ་བསྒྲགས་གནང་མཁན་གྱི་མི་ཐོག་མ་དེ་རེད། ཁྱེད་ལ་བཀའ་དྲིན་ཆེ།ཁྱེད་ཀྱིས་འདི་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་ཕུ་ནུ་སྤུན་ཟླ་རྣམས་ལ་ནད་འདི་འདྲ་ཞིག་མི་འགོ་བའི་ཆེད་དུ་རང་ཉིད་དམར་རྗེན་དུ་གསལ་བསྒྲགས་བྱས་པར་བཀའ་དྲིན་ཆེ།ཁྱེད་ཀྱིས་གཞན་གྱི་བདེ་ཐང་གི་ཆེད་དུ་རང་ཉིད་དཔེར་བརྗོད་དུ་བཀོད་པར་ཐུགས་རྗེ་ཆེ། ཁྱེད་ཀྱིས་གཞན་ལ་བསམ་བཟང་བཅངས་ཏེ་རང་ཉིད་ཀྱི་ངོ་ཚ་དང་མི་ཁ་རྒྱབ་ཏུ་དོར་བར་གུས་ཕྱག་འབུལ། ཁྱེད་དངོས་གནས་མི་སེམས་བཟང་ཞིག་རེད། སེམས་བཟང་ཞིག་མིན་ན་བྱམས་སེམས་སྒོམ་པ་ལྟ་ཞོག་ཨེ་ཙི་ཡོད་པ་ཤེས་བཞིན་དུ་གཞན་ལ་བསམ་གཟས་ནས་ལུས་འབྲེལ་བྱེད་པའམ་ཐ་ན་སོ་བཏབ་ནས་རྨས་ཨེ་ཐུབ་ལྟ་བའི་ཨེ་ཙིའི་ནད་པ་ཡོད་པ་ང་ཚོར་མཐོང་ཐོས་མྱོང་གསུམ་ཡོད་ཚོད་ཡིན། ཁྱེད་རང་ངོ་མ་སྐྱེས་ཕོ་རབ་ཅིག་རེད།སྐྱེས་ཕོ་རབ་ཅིག་མིན་ན་རང་ཉིད་ཀྱི་ཁེ་ཕན་མི་སེམས་པར་དྲྭ་ངོས་དང་བརྙན་འཕྲིན་སོགས་སུ་ཇི་མི་སྙམ་པར་བཅར་འདྲི་དང་ལེན་བྱེད་ག་ལ་ཕོད། འཛམ་གླིང་ལ་མཚོན་ན།ཀྲུང་གོའི་ནང་ལོགས་ལ་མཚོན་ན། བོད་ཁམས་ལ་མཚོན་ན།ཨེ་ཙིའི་ནད་པ་མི་ཉུང་བ་ཞིག་མཆིས་པ་གོར་མ་ཆག་མོད།འོན་ཀྱང་ཁྱེད་ལྟ་བུའི་སྙིང་སྟོབས་དང་སེམས་ཤུགས་བྲལ་བས་མངོན་སུམ་དུ་ལྷང་ལ་བུད་ནས་གསལ་བསྒྲགས་བྱེད་མ་ཐུབ་པ་རེད།རང་གི་སེམས་ཤུགས་ལ་བརྟེན་ཏེ་ནད་མགོ་གནོན་མ་ཐུབ་པ་རེད། རང་ཉིད་རང་ལ་ཡིད་ཆེས་མེད་ན་ནད་གཞི་ཡང་སྔར་ལས་ཇེ་སྡུག་ཏུ་འགྲོ་བ་སྨོས་ཅི་དགོས།ལས་རྒྱུ་འབྲས་བརྩི་དགོས་ཞེས་པའང་ཁྱེད་བཞིན་བརྩི་བ་ལས་ཅི་ཞིག་ཡོད་དམ།རང་ཉིད་ལ་ཨེ་ཙི་ཡོད་པ་ཤེས་པ་ནས་བཟུང་གཞན་ལ་གནོད་སེམས་གྱིས་བསྒོ་བ་ཕར་ཞོག་ང་ལ་ཨེ་ཙི་ཡོད་ཅེས་མི་གསོན་པོས་དྲིལ་བསྒྲགས་གང་ལེགས་མཛད། ཨེ་ཙི་ཇི་ལྟར་འགོས་པའི་དོགས་པ་ཅན་གྱི་ལོ་རྒྱུས་ཀྱང་ཇི་མ་ཇི་བཞིན་བཤད།དེ་ལས་ཐེ་ཚོམ་ཡོད་ན་བརྟག་དཔྱད་བྱེད་དགོས་ཚུལ་སོགས་ཀྱི་སེམས་གཏམ་ཡང་ལྷུག་པོར་བསྩལ། ཁྱེད་ཀྱི་གནས་ཚུལ་དྲྭ་ངོས་དང་བརྙན་འཕྲིན་སོགས་སུ་བཀོད་པ་དང་། ཁྱེད་རང་མི་ངོ་མས་བཤད་བཞིན་པའི་ཁ་བརྡ་དག་ཁོ་བོའི་གོ་ལོག་ཐོས་པ་མིན་ན། ཨེ་ཙིའི་རང་འདུན་པ་སྐུ་ཞབས་ཆོས་དཔལ་བཟང་པོས་མི་ཁྲི་བདུན་ཅུ་ལྷག་གིས་བལྟས་འདུག་ཟེར། དེ་ནི་ཇི་འདྲའི་ཡིད་དགའ་བ་ཞིག་རེད་དམ། དེ་ནི་དོན་དུ་ཁྱེད་ཀྱིས་མི་ཁྲི་བདུན་ཅུ་ལྷག་ཨེ་ཙིའི་ན་ཚ་ལས་ཐར་བར་བྱས་པ་མིན་ནམ། ལྷུག་པོར་བརྗོད་ན་ཁྱེད་ཀྱིས་མི་ཁྲི་བདུན་ཅུ་ཚེ་ཐར་ལ་བཏང་བ་མིན་ནམ།སྐུ་ཞབས་དྲི་མེད་ལགས། ཁྱེད་ཀྱིས་དངོས་གནས་ཚོགས་བསགས་འདུག་ཡ། དེང་དུས་བོད་ཁུལ་དུ་སྙིང་རྗེ་ཅན་གྱི་བླ་སྤྲུལ་སོགས་གཙོས་ཁོང་རྣམ་པས་ནོར་ལུག་དང་ཉ་སོགས་ཀྱི་སྲོག་བླུས་ཏེ་ཚེ་ཐར་ལ་གཏོང་དང་གཏོང་བཞིན་པ་ལྟར་དུ།ཁྱེད་ཀྱིས་ཀྱང་མི་ཁྲི་བདུན་ཅུ་ཚེ་ཐར་ལ་བཏང་བ་རེད།དེ་དག་ཏུ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་ཐོབ་པ་ཡང་མང་ངེས་ལ།དེ་དག་ལ་ཐོབ་པ་མི་ལུས་རིན་པོ་ཆེ་རེད་ཡ།མི་ལུས་རིན་ཆེན་གསེར་ལས་ལྷག། གསེར་ལ་ཕུང་བོ་དགུ་སྐོར་དགོས།།

  ཞེས་པ་དེ་རེད་ཡ།བསམ་བློ་ཞིག་ཐོངས་དང་། མི་ཁྲི་བདུན་ཅུ་དེས་མི་རེས་མི་དགུ་ལ་ཁྱེད་ལ་ཕོག་པའི་ཨེ་ཙིའི་གནས་ཚུལ་བཤད་པ་ཡིན་ན།ཁྱོན་ཁྲི་དྲུག་བརྒྱ་དང་སུམ་ཅུ་ཙམ་གྱིས་ཨེ་ཙིའི་གནས་ཚུལ་རྟོགས་འགྲོ་བ་མིན་ནམ།ཨེ་ཙིའི་གནས་ཚུལ་ཤེས་པས་དེ་ལ་སྔོན་འགོག་བྱེད་པ་མིན་ནམ། ཨེ་ཙི་སྔོན་འགོག་བྱས་པས་དེ་དག་ལ་ཨེ་ཙི་མི་འགོ་བ་མིན་ནམ། ཨེ་ཙི་མ་འགོས་པས་མི་དེ་དག་གི་ཚེ་ཐར་སོང་བ་མིན་ནམ།མི་དེ་འདྲའི་མང་པོ་ཞིག་གི་ཚེ་ཐར་བ་ཡིན་ན།དེ་ནི་ཁྱེད་ཀྱིས་བསྐྲུན་པའི་དགེ་བ་རེད་ཡ། དེ་བས་ཁྱེད་ནི་འཇིག་རྟེན་འདིར་གསོན་དུས་མི་སྣ་རླབས་ཆེན་གྱི་གྲས་ཡིན་ལ། སྐྱེ་བ་ཕྱི་མར་ཡང་སངས་རྒྱས་ཀྱི་ཞིང་བཀོད་མི་འགྲིམས་པའི་ངེས་པ་ཅི། རྒྱུ་མཚན་ནི་ཁྱེད་ལ་སྐྱེ་བོ་ཕལ་བར་མ་མཆིས་པའི་བྱམས་དང་སྙིང་རྗེ་ལྡན་ཞིང་། སོ་སྐྱེས་ཐུན་མོང་གིས་མི་དོ་བའི་ལས་དང་རྒྱུ་འབྲས་བསྲུང་བས་སོ།།  སྐྱེས་པ་རླབས་ཆེན་དང་ཤི་བ་གཟི་བརྗིད་ཅེས་པའི་ཆོ་ལོ་ཡང་ཁྱེད་ལ་མི་འདོགས་སུ་ལ་འབོད།   དྲི་མེད་ལགས། ཁོ་བོས་བརྙན་འཕྲིན་དུ་ཁྱེད་ལ་ཨེ་ཙིའི་རང་འདུན་པ་སྐུ་ཞབས་ཆོས་དཔལ་བཟང་པོས་གཡུ་ཡི་ཕྲེང་བ་བྱུ་རུའི་ཕྲ་རྒྱན་ཅན་ཞིག་སྟེར་བཞིན་པ་མཐོང་བ་དང་། ད་དུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་ནས་མ་ཎི་དུང་ཕྱུར་ཞིག་འདོན་རྒྱུ་ཁས་བླངས་ཡོད་ཟེར་བ་འདྲ།གང་ལྟར་ཀྱང་ཁ་དཔེ་ལ།བསམ་ནག་མ་ཎི་འདོན་པ་ལས།། བསམ་དཀར་ཉི་མར་ལྡེ་ན་བཟང་།།ཞེས་པ་དང་།ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན།། ཞེས་པ།སེམས་ཉིད་དག་ན་ཆོས་ཉིད་ཡིན།། ཞེས་པ་སོགས་ཅི་ལ་བལྟས་ཀྱང་གང་ལ་བསམ་ཡང་། ཁྱེད་ཀྱིས་ད་ནས་བཟུང་མ་ཎི་གཅིག་མ་བཏོན་ན་ཡང་ཐར་ལམ་མ་གཏོགས་འགྲོ་ས་གཞན་གང་ཡང་མེད་པར་སེམས།དེ་བས་དྲི་མེད་ལགས།ཁྱེད་ལ་རྐྱེན་ངན་གྲོགས་སུ་ཤར་ནས་དམ་ཆོས་ཀྱང་བློ་ཡིད་ལས་འགོངས་པ་ཞིག་འགྲུབ་འདུག་ཡ། དྲི་མེད་ལགས།དོ་དགོང་ངས་ཆེད་དུ་ཨེ་འགོག་རང་འདུན་པ་སྐུ་ཞབས་ཆོས་དཔལ་བཟང་པོ་དང་སྐུ་ཞབས་བཀྲ་ཤིས་རྒྱ་མཚོ་རྣམ་གཉིས་ཀྱི་ཧྲེ་གྱའི་དྲི་མེད་གླེང་བ་ཞེས་པའི་ཐད་གཏོང་ལ་བལྟས་པ་ཡིན། བལྟས་ཚར་བ་ཡིན།སེམས་འགུལ་ཐེབས་པ་ཡིན། དེ་བས་ཁྱེད་ལ་འཕྲིན་ཐུང་འདི་འབྲི་འདོད་བྱུང་བ་ཡིན།ཡི ན་ན་ཡང་།ཐ ད་གཏོང་འདིར་སྤྱི་ཚོགས་ཀྱི་སྟེང་ནས་བཏོན་པའི་དྲི་བ་ཞིག་གིས་ང་རང་ཧང་སངས་ངེར་བཏང་བྱུང་། དེ་ནི་ཧྲེ་གྱའི་དྲི་མེད་ལགས་ནི་བོད་པའི་ཞབས་འདྲེན་པ་ཞིག་རེད་དམ།ཞེས་པ་དེ་རེད། དེ་ནི་དངོས་གནས་དྲི་བ་མཚར་པོ་ཞིག་རེད།ཧྲེ་གྱའི་སྐུ་ཞབས་དྲི་མེད་ལགས། ཁྱེད་ནི་བོད་ཁུལ་གྱི་ཨེ་ཙིའི་ནད་པ་ཐོག་མ་ཡིན་ན་ཡང་འདྲ། དེ་གཙོ་བོ་མ་རེད། བོད་ཁུལ་གྱི་མངོན་བུད་ཨེ་ཙིའི་ནད་པ་ཐོག་མ་ཡིན་པ་དེ་གཙོ་བོ་རེད། གཙོ་བོའི་ནང་གི་གཙོ་བོ་ནི་ཁྱེད་ཀྱི་གཞན་ཕན་གྱི་བསམ་བློ་དེ་རེད། ཁྱེད་ལ་ཨེ་ཙི་ཡོད་པ་ཤེས་མ་ཐག་དེ་སྦ་གསང་མེད་པར་བོད་ཁམས་ཡོངས་ལ་ཕན་ཆེད། རང་ཉིད་དམར་དཔེ་བྱས་ཏེ་སྤྱི་ཚོགས་ལ་ཁྱབ་བསྒྲགས་གང་ནུས་ཅི་ལྕོགས་མཛད་པ་དེ་རེད།དེ་ནི་ལྷག་བསམ་རེད། དེ་ནི་སྙིང་རྗེ་རེད།དེ་ནི་བྱང་སེམས་རེད།དེ་ནི་ལ་རྒྱ་རེད།དེ་ནི་བྱས་རྗེས་རེད། དེ་ནི་གཤིས་བཟང་རེད།དེ་ནི་དཔེ་ལེགས་རེད། དེ་ནི་སྙིང་སྟོབས་རེད།དེ་ནི་དཔའ་ངར་རེད། དེ་བས་ཁྱེད་ཀྱི་བྱ་སྤྱོད་འདི་ནི་བོད་ཁམས་ལ་མཚོན་ན་བཀའ་དྲིན་ཞུ་འོས་པ་ཞིག་དང་སློབ་སྦྱོང་བྱེད་ས་ཞིག་ཡིན་པ་ལས།རང་མ་གཏོགས་མི་སེམས་པ་དང་གཞན་གྱི་བདེ་སྐྱིད་ལ་གཏོར་བརླགས་དང་། གཞན་གྱི་བདེ་ཐང་ལ་རྡོག་རྫིས་བྱེད་པའི་མ་རབས་ཤལ་གྱི་ཞབས་འདྲེན་པ་ཞིག་དང་ག་ནས་འདྲའམ།ཧྲེ་གྱའི་དྲི་མེད་ལགས། ཁྱེད་ལ་ནད་ཚབས་ཆེན་ཨེ་ཙི་བྱུང་ཡོད་ན་ཡང་། དེ་ལ་བག་ཚ་བ་མེད་པར་ད་དུང་གཞན་དག་ལ་ཕན་སེམས་བཟུང་བ་འདི་ནི།ས་སྐྱ་ལེགས་བཤད་ལས།དམ་པ་སྲོག་ལ་བབ་ན་ཡང་།། རང་བཞིན་བཟང་པོ་ག་ལ་འདོར།། ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།།དེ་ཡི་ཁ་དོག་ཉམས་མི་འགྱུར།།ཞེས་གསུངས་པ་ལས་མ་འདས་པས།དེ་ནི་བོད་པའི་ཞབས་འདྲེན་ཞིག་ཏུ་ག་ལ་རྩི་རུང་། ཞབས་འདྲེན་ཞེས་པ་ནི་གལ་ཏེ་ཨེ་ཙི་ཕོག་ཡོད་ན་ཡང་དེ་གསལ་བསྒྲགས་མི་བྱེད་པར་ལྟས་ངན་སྦ་གསང་བྱས་ཏེ་ཐ་མལ་ནད་མེད་ཀྱི་མི་གཞན་ལ་བསྒོ་ཅི་ཐུབ་བྱེད་པ་ལྟ་བུ་སོགས།ལས་རྒྱུ་འབྲས་མི་རྩི་ཞིང་ཁྲེལ་ངོ་ཚ་མེད་པ།བྱམས་སྙིང་རྗེ་དང་བྲལ་བའི་མ་རབས་ཐ་ཤལ་གྱི་མི་དག་ལ་བཤད་པ་མ་ཡིན་ནམ། དེ་ནི་ས་སྐྱ་ལེགས་བཤད་ལས།ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགེབས་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།། ཅེས་པ་བཞིན་མ་ཡིན་ནམ། ཧྲེ་གྱའི་དྲི་མེད་ལགས། དེས་ན་ཁྱེད་ནི་དེ་ལྟ་བུའི་མི་ཞིག་ཨེ་རེད།ཡིན་ན་དམར་དཔེ་གསལ་བསྒྲགས་བྱ་རྒྱུ་ཨེ་རེད། གཞན་གྱི་བདེ་ཐང་གི་ཆེད་དུ་རང་ཉིད་ཀྱི་མི་ཁ་རྒྱབ་ལ་དོར་ཐུབ་རྒྱུ་ཨེ་རེད། དེ་བས་ཁྱེད་ལྟ་བུའི་མི་གཤིས་བཟང་དང་བསམ་དཀར།ལ ས་རྒྱུ་འབྲས་ཅན། ཁྲེལ་ངོ་ཚ་ཅན། གཞན་ཕན་གྱི་བསམ་བློ་ཅན་ཞིག་བོད་དུ་བྱུང་བ་ནི་བོད་པའི་གཟི་བརྗིད་ཅིག་ག་ལ་མིན། དེ་བས་ཧྲེ་གྱའི་དྲི་མེད་ལགས།ད་ནས་བཟུང་ཁྱེད་ནི་བོད་ཁུལ་གྱི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཏུ་གྱུར་སོང་བ་རེད།གཞན་ཕན་གྱི་བསམ་བློ་ལྡན་པའི་ཕོ་རྒོད་ཅིག་ཏུ་གྱུར་སོང་བ་རེད། ཀུན་གྱིས་ཚད་མར་འཁུར་བའི་མི་བསམ་དཀར་ཞིག་ཏུ་གྱུར་སོང་བ་རེད། གཞན་གྱིས་རྗེས་དྲན་བྱེད་སྲིད་པའི་མི་ལྷག་བསམ་ཅན་ཞིག་ཏུ་གྱུར་སོང་བ་རེད། གཞན་གྱིས་མིག་དཔེ་ལྟ་སའི་མི་དཔེ་ལེགས་ཤིག་ཏུ་གྱུར་སོང་བ་རེད། གང་ལྟར་ཁྱེད་གསོན་ན་གསེར་སྲང་སྟོང་ཡིན་ལ། ཁྱེད་ཤི་ན་ཡང་གསེར་སྲང་སྟོང་རེད་ཡ། དྲི་མེད་ལགས།ངས་བལྟས་ན་ཁྱེད་ཀྱི་རླབས་ཆེ་བའི་བྱ་སྤྱོད་འདིས། ཕ་མའི་དྲིན་ལན་མཇལ་བ་མ་ཟད་ཕུ་ནུའི་ལ་རྒྱ་བཟུང་བ་རེད། ཁྱད་པར་དུ་བོད་ཁུལ་གྱི་ཨེ་འགོག་བྱ་བར་གཞལ་དུ་མེད་པའི་བྱས་རྗེས་བཞག་པ་རེད། དེ་བས་ཧྲེ་གྱའི་དྲི་མེད་ལགས། ཁྱེད་ནི་ནམ་ཡང་ཀུན་གྱིས་བརྗེད་མི་སྲིད་པའི་སེམས་ཁོང་གི་དྲོད་ཐིག་དེ་ཡིན་ངེས། ཁྱེད་ནི་ནམ་ཡང་སྐད་འགགས་རྒྱུ་མེད་པའི་རྫ་སྒང་གི་གླུ་བ་དེ་ཡིན་ངེས། ཁྱེད་ནི་ནམ་ཡང་དབྱར་དྲུག་པའི་མེ་ཏོག་སེར་ཆེན་དེ་ཡིན་ངེས། ཁྱེད་ནི་ནམ་ཡང་དགུན་བཅུ་བའི་གངས་ལྷ་མེ་ཏོག་དེ་ཡིན་ངེས།ཁྱེད་ནི་ནམ་ཡང་དཔྱིད་འགོ་མའི་སྦྲང་ཆར་ཟིལ་མ་དེ་ཡིན་ངེས། ཁྱེད་ནི་ནམ་ཡང་བྲིས་མི་ཚར་བའི་ཨེ་འགོག་གི་ལོ་རྒྱུས་རིང་མོ་དེ་ཡིན་ངེས། ཁྱེད་ནི་ནམ་ཡང་གླེང་མི་ཚར་བའི་ལྷག་བསམ་གྱི་མིག་དཔེ་གསོན་པོ་དེ་ཡིན་ངེས།དྲི་མེད་ལགས། ད་ལྟ་དགོང་མོའི་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུ་རེད།འཕྲིན་འདི་འབྲི་མཚམས་འཇོག་རྒྱུ་བྱེད། གཉིད་ཅུང་ཡོང་གི

མཐར། ཁྱེད་ཀྱི་ཚེ་རིང་བར་ཤོག

ལུས་བདེ་བར་ཤོག 

ནད་སངས་བར་ཤོག

དོན་གྲུབ་པར་ཤོག

བཀྲ་ཤིས་བར་ཤོག

          2016.12.25ཡི་མཚན་མོར།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། དབྱངས་ཅན་བཞད་འཛུམ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-25 ལྟ་ཀློག (8767)