བོད་སྐད་ཡིག་དང་བླངས་པས་སྐབས་བཞི་བའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

བོད་སྐད་ཡིག་དང་བླངས་པས་སྐབས་བཞི་བའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

སྤྱི་ལོ་༢༠༡༦ལོའི་ཟླ་༡༢ཚེས་༢༣ནས་བཟུང་ཟླ་གཅིག་གི་རིང་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མར་ཁ་གཏད་དེ་སྐབས་བཞི་བའི་བོད་སྐད་ཡིག་དང་བླངས་ཟབ་སྦྱོང་འཛིན་གྲྭ་རྭ་རྒྱ་དགོན་པའི་སློབ་གྲྭ་རུ་བསྒྲུབས།

ཐེངས་འདིར་རྒྱུད་འགོའི་སློབ་འབྲིང་གཙོས་རྫོང་དང་ཁུལ་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་ཡོང་བའི་དོན་གཉེར་ཅན་གྱི་སློབ་མ་ལྔ་བརྒྱ་དང་སུམ་ཅུར་ཉེ་བ་འདུས་ཤིང་།   སློབ་མ་རྣམས་ཀྱི་ལོ་རིམ་དང་ཆུ་ཚད་ལ།  གང་ལ་གང་འཚམས་ཀྱིས་རྒྱུས་ལོན་རགས་རིམ་ཙམ་བྱས་པ་བརྒྱུད་ནས།  འཛིན་གྲྭ་བདུན་དུ་བསྒོས་ཏེ་གནས་བབ་དང་བསྟུན་ཅི་ཐུབ་ཀྱིས།  བསླབ་དེབ་ལ།  སྦྱོར་ཀློག་བསླབ་དེབ། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།  སུམ་ཅུ་བའི་སྙིང་བོ་ལེགས་བཤད་ལྗོན་པའི་དབང་བོ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ། སྙན་འགྲེལ་ཡང་གསལ་སྣང་མཛོད། རྩོམ་ཡིག་འབྲི་སྦྱོང་ཁྲིད་སྟོན། དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔ་བ། དབྱིན་ཡིག་གི་རྨང་གཞིའི་བསླབ་དེབ།  རྩིས་རིག་གི་སྤྱི་འགྲོས།  རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ།  ཡིག་གཟུགས་ལ་དབུ་ཅན་གཟབ་བྲིས།  མཐོ་རྒྱུགས་ཀྱི་རིག་པ་ཕྱོགས་ཁྲིད་སོགས་བསླབ་གཞི་ཕལ་ཆེ་བ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་དེབ་གཞིར་བྱས་ཏེ།  ཤ་ཚ་ཚ་དང་སྙིང་ཉེ་ཉེས་ཟབ་སྦྱོང་གི་སྔ་ཕྱི་བར་གསུམ་དུ་སྒྲིག་གཞི་ལེགས་ཤིང་ཚགས་དམ་པའི་སྒོ་ནས་སློབ་ཁྲིད་ཟབ་རྒྱས་གནང་།

སྤྱི་ཟླ་དང་བོའི་ཚེས་ལྔའི་ཉིན་རྭ་རྒྱ་གྲོང་བརྡལ་གྱི་སྲིད་གཞུང་གི་མགོ་ཁྲིད་རྣམ་པ་ཟབ་སྦྱོང་གི་ཡུལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་ཏེ།  དགེ་རྒན་དང་ལས་བཟོ་བ་ཡོངས་ལ་འཚམ་འདྲི་དང་འཛིན་གྲྭ་སོ་སོའི་སློབ་ཁྲིད་ལ་ཉན་ཞིབ་བྱས་ཤིང་།  དངོས་ཡོད་ཀྱི་སློབ་མ་རྣམས་ཀྱིས་སྐབས་སྔ་ཕྱིའི་ཟབ་སྦྱོང་ལ་བཟུང་བའི་ལྟ་ཚུལ་དང་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་ནས་ཆ་རྐྱེན་ཅི་ཡང་མེད་པར་སྤྱི་ཕན་གྱི་ལས་ཀ་འདིར་ཚད་མཐོ་བའི་གདེང་འཇོག་གནང་བ་མ་ཟད།  མི་རིགས་རིག་གནས་རྒྱུན་འཛིན་དང་། དར་སྤེལ་གྱི་ལས་འགུལ་ལ་བསྔགས་བརྗོད་དང་།  མུ་ནས་མུ་མཐུད་དེ་རྒྱུན་བསྐྱང་དགོས་པའི་བསྐུལ་མ་དང་སློབ་སྟོན་ཡང་གནང་།

སྔ་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ལོ་རྒྱུས་སྨྲ་བ་དང་རྩོམ་པ་བོ་གྱི་ལིང་འཇིགས་མེད་ལགས་དང་།  མགོ་ལོག་ཁུལ་མཐོ་འབྲིང་ལག་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་དཔའ་སྟོབས་ལགས་རྣམ་གཉིས་གདན་དྲངས་ཏེ།  སློབ་མ་ཡོངས་ལ་སྤྱིར་སློབ་སྦྱོང་དང་ནང་དགོས་ཁྱད་པར་ཅན་དུ་རང་རང་ལ་ལས་བསོད་ཀྱིས་ཕྲད་པའི་གོ་སྐབས་བཟང་བོ་འདི་འཆོར་དུ་མི་འཇུག་པར་ཤེས་རིག་ཡོན་ཏན་ལ་ཆོག་ཤེས་མེད་པའི་སྒོ་ནས་སྡུག་རུས་བྱེད་དགོས་པའི་སྐུལ་མ་དང་བཅས་གསུང་བཤད་གལ་ཆེན་ཡང་གནང་།

བོད་སྐད་ཡིག་དང་བླངས་པའི་ཟབ་སྦྱོང་གཙོ་སྒྲུབ་མཁན་རྭ་རྒྱ་འཇམས་དབྱངས་འོད་ཟེར་དང་།  རྭ་རྒྱ་བློ་བཟང་འོད་ལྡན་གཙོས།  དགེ་རྒན་འབའ་གཞུང་འཇིགས་མེད།  སྙན་ངག་པ་འོད་ཟེར་ལྗང་གུ།  མགོན་པོ་སྐྱབས།    གཡང་འབུམ་རྒྱལ།  དཀོན་མཆོག་བཟང་བོ།   བློ་བཟང་ཆོས་འཛིན།  མ་ཅིག་སྐྱབས།  བཀྲ་ཤིས་ཉི་མ།  འཇིགས་བྱེད་མཚོ།  སྒྲོལ་དཀར་མཚོ།  རྟ་མགྲིན་སྐྱབས། གཅོད་པ་སོགས་ཕལ་ཆེ་བ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མས་གྲུབ་པའི་དགེ་རྒན་ཡོངས་དང་།  སྦྱིན་བདག་དང་ལས་བཟོ་བའི་འགན་གཅིག་ལྕོགས་སུ་བཞེས་པའི་རྭ་རྒྱའི་དགེ་སློང་བསྟན་པ་དར་རྒྱས་དང་།   སྨོན་ལམ་བློ་གྲོས། ཚུལ་ཁྲིམས།  དཔལ་ལོ། བང་ཀེ། བློ་བཟང་། ལོའུ་ཧྲི།  རྟ་མགྲིན།  སྨན་བླ།  པ་པ། དབང་ཐོ། སྒྲོན་ཐོ་སོགས་ཀྱི་ལྷག་བསམ་རྣམ་པར་དག་པས་འབད་འབུངས་ལྷོད་མེད་བྱས་ཤིང་།  བྱ་དཀའ་བའི་རླབས་ཆེན་གྱི་མཛད་པ་བཟང་བོ་བསྐྱངས་ཏེ། འཛིན་གྲྭ་སོ་སོའི་སློབ་མ་དཔེ་ལེགས་ཅན་རྣམས་ལ་རྒྱུགས་འབྲས་གཟེངས་རྟགས་དང་རྟིང་བསྐུལ་བྱ་དགའ། ཀུན་སྤྱོད་དགའ་རྟགས་བཅས་གནང་།

མཐར་ཡང་བོད་སྐད་ཡིག་དང་བླངས་པའི་དགེ་རྒན་རྣམ་པ་དང་།  སྦྱིན་བདག་དང་།  ལས་བཟོ་བ་རྣམ་པས་སེམས་ཤུགས་ཆིག་སྒྲིལ་གྱིས་ལོ་རྗེས་མ་ནས་ཀྱང་མུ་མཐུད་དུ་བོད་རྒྱ་དབྱིན་རྩིས་ཀྱི་ཟབ་སྦྱོང་འདིའི་མཐུས་སྒོ་ཇེ་ཚང་དང་། སྒྲིག་གཞི་ཇེ་ལེགས་སུ་གཏོང་བའི་ཐད་ལ་མ་བགྲོས་གཅིག་མཐུན་གྱིས་འཆར་གཞི་གཏན་ཁེལ་བ་བྱས་ཏེ། ལོ་རེ་རེ་བཞིན་མུ་མཐུད་དེ་རང་ཅག་ཁ་བ་གངས་ཅན་པའི་ཕྱི་རབས་སློབ་བུ་རྣམས་ཀྱི་ནང་སེམས་པའི་གསོས་སུ་ཤེས་རིག་གི་སྒྲོན་མེ་སྦར་བའི་ཐུགས་སྨོན་དང་བཅས་ལེགས་ལེགས་འགྲིག་འགྲིག་གིས་བོད་སྐད་ཡིག་དང་བླངས་པས་བསྒྲུབས་པའི་བོད་རྒྱ་དབྱིན་རྩིས་ཟབ་སྦྱོང་གི་ལས་རིམ་མགོ་མཇུག་བར་གསུམ་ཀུན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཡོན་ཏན་སྟོང་དང་ལྡན་པའི་ངང་ལེགས་པར་མཇུག་གྲུབ་བོ།།

གསར་འགྱུར་མཁོ་སྤྲོད་པ། བློ་བཟང་འོད་ལྡན།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-14 ལྟ་ཀློག (3929)