༢༠༡༦ལོའི་བྱང་ཆུབ་ལམ་རིམ་ཆེན་མོའི་བགྲོ་གླེང་འདུ་ཚོགས།



༢༠༡༦ལོའི་བྱང་ཆུབ་ལམ་རིམ་ཆེན་མོའི་བགྲོ་གླེང་འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན།

        སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཉིན་ལྔའི་རིང་ལ་རྨ་ཆེན་རྫོང་སྦྲ་ནག་གསོལ་མགྲོན་ཁང་དུ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་མཁན་པོ་ལས་ཐོག་པ་དགེ་འདུན་དར་རྒྱས་མཆོག་དང་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་མཁན་པོ་ལས་ཐོག་པ་བློ་བཟང་བརྩོན་འགྲུས་མཆོག་མཁན་ཟུར་བ་ཐུབ་བསྟན་རྒྱ་མཚོ། མཁན་ཟུར་བ་བློ་བཟང་རྒྱ་མཚོ། རྭ་རྒྱའི་མཁན་པོ་ཟུར་བ་ངག་དབང་རྒྱ་མཚོ། བླ་མ་དགེ་འདུན་སྦྱིན་པ། དགེ་བཤེས་གྲགས་པ་བཟང་བོ། ལུང་དཀར་དགོན་པའི་མཁན་པོ་བློ་བཟང་བསམ་གཏན། སྟོང་སྐྱབས་དགོན་པའི་དགེ་བཤེས་བསྟན་འཛིན་རྡོ་རྗེ། ཤར་འོད་དགོན་པའི་དགེ་བཤེས་ངག་དབང་དངོས་གྲུབ། བུ་དགུ་དགོན་པའི་དགེ་བཤེས་མཆོག་སྤྲུལ་ཟླ་གྲགས།ལྷ་རི་དགོན་པའི་མཁན་ཟུར་བློ་བཟང་དོན་གྲུབ། སྙན་མོ་དགོན་པའི་མཁན་པོ་བསྟན་པའི་རྒྱལ་མཚན།  ཁྲ་ཚོགས་དགོན་པའི་མཁན་ཟུར་བ་བློ་གྲོས་འབྱུང་གནས་མཆོག་གཙོས་དགོན་ཁག་དགུ་ཡི་མཁན་པོ་དང་དགེ་རྒན་ཆོས་ཀྱི་གྲོགས་པོ་ཉི་ཤུ་ལྷག་གིས་རྗེ་བླ་མའི་ལེགས་བཤད་ངོ་མཚར་བ་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་མཆོད་བརྗོད་ནས་བཟུང་དལ་འབྱོར་རྙེད་དཀའི་བར་ཉིན་རེར་དུས་སྔ་ཕྱི་གཉིས་ལ་ཆུ་ཚོད་གཉིས་རེར་དགེ་བཤེས་གཉིས་རེ་དམ་བཅའ་ལ་བཞུགས་ཏེ་རྩ་བའི་ས་བཅད་དང་ཚིག་རིས་ཇི་བཞིན་དོན་འགྲེལ་དང་ཚིག་འགྲེལ་སོགས་ཞིབ་མོར་གནང་བ་མ་ཟད།  མཇུག་ཏུ་དྲི་བ་དྲིས་ལན་སོགས་གནང་སྟེ་མཐར་དགེ་བའི་བཤེས་གཉེན་རྣམས་ཐུགས་དགྱེས་ཚོར་ཆེན་པོའི་ངང་དད་ལྡན་སྦྱིན་བདག་དང་བཅས་པ་དད་གུས་སྤྲོ་གསུམ་གྱི་ཀློང་ནས་དེ་རིང་ལེགས་པར་མཇུག་བསྡུས། 


བགྲོ་གླེང་བྱེད་བཞིན་པའི་ཡུལ་དངོས།

བགྲོ་གླེང་གནང་བཞིན་པ།


      ཐེངས་འདིར་མཐུན་རྐྱེན་བླ་མེད་སྐྲུན་མཁན་མཆོག་སྤྲུལ་ཁང་དམར་ཚང་གཙོ་བོར་མཛད་དེ་སྐྱ་སེར་ཡོངས་ལ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀའ་དྲིན་ཆེ་རབ་ཏུ་ཞུའོ།།

གསར་འགོད་པ་ལམ་སྐྱ་བོ།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-12-19 ལྟ་ཀློག (5626)