རྫ་དཔལ་སྤྲུལ་གྱི་བསླབ་བྱ།

རྫ་དཔལ་སྤྲུལ་གྱི་བསླབ་བྱ།


གྲོགས་ཀྱི་ཀུན་སྤྱོད་འགོ་བར་ཤེས་ནས་སྤང་བླང་ལ་གདམས་པ་བླ་མ་རིག་འཛིན་རྒྱ་མཚོ་ལ་གནང་བ།

རྫ་དཔལ་སྤྲུལ་གྱིས་མཛད།


གྲོགས་བཟང་པོའི་ཀུན་སྤྱོད་འདི་ལྟར་འགོ།།

གྲོགས་ཤེས་རབ་ཅན་བསྟེན་ན་བློ་གྲོས་འཕེལ།།

གྲོགས་སྙིང་རྗེ་ཅན་བསྟེན་ན་བྱངར་སེམས་སྐྱེ།།

གྲོགས་ཆོག་ཤེས་ཅན་བསྟེན་ན་འདོད་པ་ཆུང་།།

གྲོགས་གཏོང་ཕོད་ཅན་བསྟེན་ན་གཏོང་སེམས་འབྱུང་།།

གྲོགས་ཞི་དུལ་ཅན་བསྟེན་རང་རྒྱུད་བཟང་།།

གྲོགས་སྐྱོ་ཤས་ཅན་ལས་སྐྱོ་ཤས་དང་།།

གྲོགས་ངེས་འབྱུང་ཅན་བསྟེན་ལས་ཐར་འདོད་འབྱུང་།།

གྲོགས་ཕྱི་མ་གཉེར་བསྟེན་དགེ་བ་དྲན།།

གྲོགས་བཟང་པོ་བསྟེན་ལས་ངེས་འབྱུང་སྐྱེ།།

གྲོགས་ཆོས་པ་བསྟེན་ལས་ཆོས་སྒྲུབ་དྲན།།

གྲོགས་འདོད་པ་ཆུང་བསྟེན་ཆོག་ཤེས་འབྱུང་།།

གྲོགས་བརྩོན་འགྲུས་ཅན་ལས་སྙིང་སྟོབས་ཆེ།།

གྲོགས་དམ་པ་དང་འགྲོགས་ན་ཡོན་ཏན་འགོ།།

གྲོགས་ཐར་འདོད་ཅན་བསྟེན་གཏན་བདེ་གཉེར།།

གྲོགས་དགེ་སེམས་ཅན་ལས་དགེ་བློ་འབྱུང་།།

གྲོགས་དག་སྣང་ཅན་ལས་དད་པ་སྐྱེ།།

གྲོགས་བློ་ལྡན་དང་འགྲོགས་ན་གཏན་འདུན་འགྲུབ།།

གྲོགས་བཟང་པོའི་ཀུན་སྤྱོད་དེ་ལྟར་ཡིན།།

དོན་དེ་ཕྱིར་དགེ་བའི་གྲོགས་པོ་བསྟེན།།

གྲོགས་ངན་པའི་ཀུན་སྤྱོད་འདི་ལྟར་འགོ།།

གྲོགས་གཏི་མུག་ཅན་བསྟེན་ཤེས་རབ་འགྲིབ།།

གྲོགས་ཞེ་སྡང་ཅན་བསྟེན་རང་རྒྱུད་ངན།།

གྲོགས་འདོད་ཆགས་ཅན་བསྟེན་ན་ན་ཆུང་དྲན།།

གྲོགས་སེར་སྣ་ཅན་བསྟེན་སེར་སྣ་སྐྱེ།།

གྲོགས་ང་རྒྱལ་ཅན་བསྟེན་འགྱིང་ཚུགས་དྲན།།

གྲོགས་ངེས་འབྱུང་མེད་བསྟེན་ཚེ་འདིར་ཆགས།།

གྲོགས་འདིར་སྣང་གཉེར་བསྟེན་ཕྱི་མ་བརྗེད།།

གྲོགས་ཐ་ཆད་བསྟེན་ལས་སོ་ནམ་དྲན།།

གྲོགས་ཁེ་སྤོགས་ཅན་བསྟེན་ཚོང་བྱེད་སེམས།།

གྲོགས་ནོར་སྲེད་ཅན་བསྟེན་གསོག་འཇོག་དྲན།།

གྲོགས་ལེ་ལོ་ཅན་བསྟེན་སྒྱིད་ལུགས་འགྱུར།།

གྲོགས་རྣམ་གཡེང་ཅན་བསྟེན་གཡེང་བས་འཁྱེར།།

གྲོགས་སྣང་ཤས་ཅན་བསྟེན་ཚེ་འདིར་གཡེངས།།

གྲོགས་སྡིག་ལྡན་དང་འགྲོགས་སྡིག་སེམས་སྐྱེ།།

གྲོགས་དད་མེད་དང་འགྲོགས་དག་སྣང་ཆུང་།།

གྲོགས་མདོ་ཤོར་དང་འགྲོགས་མི་དགེ་དྲན།།

གྲོགས་ངན་པའི་ཀུན་སྤྱོད་དེ་ལྟར་ཡིན།།

དོན་དེ་ཕྱིར་སྡིག་པའི་གྲོགས་པོ་སྤོངས།།

ཞེས་པ་འདི་བླ་མ་རིག་འཛིན་རྒྱ་མཚོའི་ངོར་དཔལ་སྤྲུལ་བས་སོ།།  དགེའོ།།


རྟ་ནག་ལུང་རིགས་ཀྱི་ཡིག་གཏགས་བྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-12 ལྟ་ཀློག (5308)