ནུབ་བྱང་སློབ་ཆེན་དུ་དགེ་སློབ་མཉམ་འཛོམས་དང་བཛྲ་ཚུལ་ཁྲིམས་མཆོག་གི་འཆད་ཁྲིད་གསར་འགྱུར།

 

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བར་ཞབས་སོར་འཁོད་པ་དང་དེར་ཡོད་ཀྱི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་མཐར་ཕྱིན་སློབ་བུ་སུམ་ཅུ་ལྷག་དང་དགེ་སློབ་མཉམ་འཛོམས་གནང་བའི་གསར་འགྱུར།


དགེ་སློབ་མཉམ་འཛོམས་ཀྱི་དྲན་རྟེན་འདྲ་པར་བསྐྱོན་པ།


    དེ་རིང་སྟེ་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་ལན་གྲུག་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བ་རུ་ཞབས་སོར་འཁོད་ཅིང་། དེ་གར་སློབ་གཉེར་བྱེད་བཞིན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་མཐར་ཕྱིན་སློབ་མ་སུམ་ཅུ་ལྷག་དང་མཉམ་དུ་ཡུལ་དེ་གའི་བོད་ཟས་ཁང་ཞིག་ཏུ་ཆུ་ཚོད་གཅིག་གི་རིང་ལ་དགེ་སློབ་མཉམ་འཛོམས་གནང་ཞིང་། སློབ་བུ་ཚོར་ཞལ་བརྡ་རྒྱས་པ་གནང་ཡོད་འདུག


     དགོང་མོའི་ཆུ་ཚོད་བདུན་པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དར་མའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོའི་སློབ་གླིང་གཉིས་ཀྱིས་གདན་འདྲེན་བྱས་པ་ལྟར་སློབ་དཔོན་མཆོག་གིས་སློབ་ཆེན་དེ་གའི་སྤྱི་སྤྱོད་ཐོག་ཁང་༢༠༡དུ་སློབ་མ་སྟོང་ཕྲག་ལྷག་ལ་༼དམིགས་འབེན་གསལ་བའི་སློབ་ཆེན་པ་ཞིག་བྱེད་པར་འཚལ་༽ཞེས་པའི་འཆད་ཁྲིད་ཅིག་དོན་ཚན་གསུམ་སྟེ། དང་པོ་རང་ངོས་ཟིན་པ། གཉིས་པ་རང་ངོས་ཟིན་ནས་དམིགས་འབེན་གཏན་ལ་འབེབས་པ། གསུམ་པ་དམིགས་འབེན་དེ་མངོན་འགྱུར་ཡོང་བ་བྱེད་པ་བཅས་ས་བཅད་གསུམ་གྱི་ལམ་ནས་མི་ཆོས་དང་ལྷ་ཆོས་གཉིས་ཆ་ནས་ཀུན་སྤྱོད་སློབ་གསོའི་སྐོར་གྱི་འཆད་ཁྲིད་ཟབ་རྒྱས་ཤིག་གནང་སྟེ་སློབ་བུ་མང་པོར་གསུང་གི་བདུད་རྩི་རྒྱས་པ་བསྩལ་ཡོད་འདུག

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་གིས་འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་གིས་འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།

གསར་འགོད་པ། ཆོས་མགོན།

༢༠༡༦ལོའི་སྤྱི་ཟླ་༡༢ཚེས་༡༠ཉིན་གྱི་དགོང་མོ།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-12-11 ལྟ་ཀློག (4666)