དུས་འདི་གཅེས་པ་​དོན་ཡིན།

དུས་འདི་གཅེས་པ་དོན་ཡིན།

༢༠༡༦ལོའི་སྤྱི་ཟླ༡༢ཚེས་བརྒྱད་ཉིན། བཛྲ་ཚུལ་ཁྲིམས་རྒྱ་མཚོས། ལན་ཇུ་ནས།


མི་ཚེའི་ཤུལ་ལམ་རིང་མོར།།

ལན་གཅིག་ཕྱི་མིག་བརྒྱབ་ན།།

དགའ་སྐྱོ་བྱ་བ་སྣ་ཚོགས།།

དྲན་འཛིན་་ངོས་ལ་ཤར་ཡོང་།།

ཕ་མ་སྤུན་ཟླ་མིང་སྲིང་།།

ལྷན་འཛོམས་བྱུང་དུས་དགའ་བ།།

ཟབ་གསལ་དམ་ཆོས་སྟོན་པའི།།

བཤེས་རྣམས་བཞུགས་དུས་སྐྱིད་པ།།

འབྱུང་བཞིའི་འདུ་བ་སྙོམས་པའི།།

ལུས་འདི་བདེ་དུས་སྐྱིད་ཅིག།

དགའ་སྐྱིད་མེ་ཏོག་ལམ་འཕྲང་།།

རིན་ཐང་མ་ཤེས་ཚར་སོང་།།

རིང་ནས་གོམས་པའི་རྟག་འཛིན།།

བསླུ་བྲིད་བློ་དེའི་ཕུགས་ན།།

ད་དུང་དེ་དག་ཐམས་ཅད།།

མ་འདས་་ཡོད་ཡོད་འདྲ་བས།།

རང་ཉིད་གཅིག་བུར་གནས་ཀྱང་།།

དགའ་བའི་ཅ་ཅོ་ཤོར་སོང་།།

འོན་ཀྱང་ཞིབ་ཏུ་བསམས་ན།།

དེ་དག་ཕལ་ཆེར་མི་འདུག།

དགའ་ཡང་སྟོང་བར་ཐིམ་སོང་།།

དྲན་ཡང་མཇལ་རྒྱུ་དཀའ་སོང་།།

འཁྲེང་ཡང་འཕྲད་ཐབས་མི་འདུག།

ཡོད་ཚད་རྨི་ལམ་འདྲ་ཨང་།།

འདི་ལྟར་བསམ་བློ་བཏང་ན།།

སྐྱོ་བའི་སྨིག་སྤྲིན་ལང་ལོང་།།

ཕན་པ་མེད་ཚུལ་ཤེས་ཀྱང་།།

མཆི་མ་འགོག་ཐབས་མི་འདུག།

ཅིས་ཀྱང་བཟློག་ཐབས་མེད་པ།།

མི་རྟག་འཆི་བའི་ཆོས་ཉིད།།

གལ་ཏེ་བློ་མིག་གསལ་ན།།

དུས་འདི་གཅེས་པ་དོན་ཡིན།།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-08 ལྟ་ཀློག (2963)