ཤེལ་མིག་དཀར་བོ་མནབ་པའི་གྲྭ་བ་དེ།

༄༅།། ཤེལ་མིག་དཀར་བོ་མནབ་པའི་གྲྭ་བ་དེ།

རྩོམ་པ་བོ།  ཚ་ནག་ཀུན་བཟང་།

    ནམ་ཞིག་ཡིན་པ་མི་དྲན་མོད། ལོ་རབས་དགུ་བཅུའི་སྨད་ཀྱི་སྦྲང་ཆར་དེབ་ཅིག་ཏུ་༼སེམས་ཁོང་གི་ཉི་མ༽་ཟེར་བའི་རང་མོས་སྙན་ངག་ཅིག་བཀླགས་མྱོང་ལ་སྙན་ངག་དེའི་ལུས་ཀྱི་ཆ་ནས་རང་མོས་ཡིན་མོད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་ནམ་ཀ་རྩོམ་གྱི་ལུས་སུ་བྲིས་འདུག  རྩོམ་དེར་གང་ཡང་མི་གོ་ན་ཡང་ཐེངས་མང་བོར་བཀླགས་པས་ཕལ་ཆེར་བློ་ལ་འདྲིས་པའི་ཚོད་དུ་ཡོད།  ཆོས་ལུགས་ཀྱི་སྐད་ཆ་ཞིག་བཤད་ན་ལས་དབང་ཟེར་དགོས་པ་ཡིན་ནམ་ཡང་ན་ད་ལྟའི་བཤད་ལུགས་ཤིག་ལྟར་ན་ལྟོས་དབང་གང་ཞིག་གིས་༼སེམས་ཁོང་གི་ཉི་མ།༽དང་དེའི་རྩོམ་པ་བོ་བརྗེད་མེད་དུ་གྱུར་ཅིང་།  དུས་དེ་ག་ནས་བཟུང་སྟེ་ངས་ལྟ་ཐུབ་པའི་དེབ་དག་ཏུ་ཡང་ཁོང་གི་རྩོམ་མང་བོ་མཇལ་རྒྱུ་འདུག་པས།  མི་གོ་ཡང་བལྟས་ཡོད་མེད་ལ་དོགས་པ་ཙམ་ཡང་མེད། བདག་གི་ཕ་དྲིན་ཆེན་གྱིས་༼མང་ཚོགས་སྒྱུ་རྩལ།༽ཟེར་བའི་དེབ་ཅིག་ཉོས་པ་དེ་ནི་ཤིན་ཏུ་མ་སྨིན་པའི་བདག་ལ་མཚོན་ན་ཤིན་ཏུ་ལྟ་བར་མོས་ན་ཡང་། ཚིག་གཅིག་བཤད་ན་ངེས་པར་ཡིན་དགོས་པའི་བདག་གི་ཕ་ལགས་ནི་ཀུ་ཡངས་ཤིག་ཁྱོན་ནས་མིན་པས་དེབ་དེར་ཡུན་རིང་ལྟ་ག་ལ་ཐུབ། ཐེངས་ཤིག་དེབ་དེ་བེད་མེད་དུ་གཡུག་འདུག་པས་ཐོག་མར་རྒྱབ་ཕྱི་ནང་གི་པར་དག་ལ་བལྟས་ཤིང་། དེ་ནས་བར་མཚམས་ཀྱི་འདྲ་པར་དག་རེ་རེ་བཞིན་ཞིབ་ཏུ་བལྟས་པ་ཡིན། པར་དེ་དག་གི་ཁྲོད་ནས་བརྗེད་མི་ཐུབ་པ་ཞིག་ནི་སྒྱུ་སྩལ་པ་ཞི་བདེ་ཉི་མའི་པར་ཞིག་དང་ཐག་རིང་ལ་རྒྱང་གཟིགས་གནང་བཞིན་པའི་བཙུན་པ་དེའི་པར་གཉིས་ངས་གཏན་ནས་བརྗེད་མི་ཐུབ་པར་གྱུར། ༼མང་ཚོགས་སྒྱུ་རྩལ།༽གྱི་དེབ་དེ་རུ་མི་མང་བོ་ཞིག་གི་ལོ་རྒྱུས་ཐུང་ངུ་རེ་དང་ཅི་ཞིག་ཡིན་མི་ཤེས་པའི་ཡི་གེ་མང་བོ་བྲིས་འདུག་ཀྱང་། མི་དེ་དག་གི་ས་གནས་དང་ལོ་རྒྱུས་ནི་བདག་ལ་མཚོན་ན་ཤིན་ཏུ་བར་ཐག་རིང་བའི་དོན་ཞིག་གམ་ཆ་རྒྱུས་མེད་པའི་གནས་ཁོ་ནར་ཟད་པས་ངོ་མཚར་གང་ཡང་སྐྱེད་མ་བྱུང་།


       བདག་ཀླུ་ཚང་དགོན་པར་སོང་ནས་ཅང་མ་འགོར་བའི་ཉིན་ཞིག་བདག་གི་དགེ་སྤུན་དོན་འགྲུབ་ཀྱིས་གྲྭ་བ་ཞིག་བསྟན་ཏེ་ཁོང་གི་མཚན་དང་ཡོན་ཏན་མང་བོ་བསྒྲགས་བྱུང་ལ།  ཁོང་གི་ཡན་ཞིག་ཀླུ་ཚང་དགོན་པར་མེད་རབས་ལབ་བྱུང་བས་ཡིད་དྲངས་ཏེ།  ཁོང་འགྲོ་བཞིན་པའི་རྗེས་དེད་དེ་ཞིབ་དུ་བལྟས་པ་ཡིན། མིག་ཤེལ་དཀར་བོ་དེ་དང་གཟན་སྣེ་གཡོན་དུ་སྣར་བའི་རྣམ་པ་དེ་ནི་ཀླུ་ཚང་དགོན་པར་ཁོང་གི་ཡན་ཞིག་མེད་པའི་རྟགས་དང་རྒྱུ་མཚན་ཡང་མིན་ནམ་སྙམ། ང་ཁོང་ལ་དེ་འདྲར་དགའ་དོན་ཅི་ཡིན་ནམ། ཕུགས་དེད་ན་ཁོང་གི་མཚན་དཔེ་དེབ་ཁག་ཏུ་ཡོད་པས་ཨེ་ཡིན་སྙམ་པ་ལས་རྒྱུ་མཚན་གང་ཡང་མེད་པ་འདྲ། ཐེངས་ཤིག་ངས་འདོན་པ་བློར་འཛིན་བཞིན་པའི་སྐབས་ལ་མིག་ཤེལ་དཀར་བོ་མནབ་པའི་གྲྭ་བ་དེས་ངེད་ཚོའི་ར་སྐོར་ནང་ལ་ཞིབ་ཏུ་གཟིགས་རྗེས་སོང་ཤུལ་ནས་ངས་ཡང་བསྐྱར་ཁོང་གི་རྗེས་ལ་བལྟས་པར་ངེད་ཚོ་སྡོད་སའི་ཕྲེང་སྟར་གཞུག་མའི་གྲྭ་ཤག་ཏུ་འཛུལ་བ་མཐོང་། སྐབས་དེར་ངེད་ཚོ་སྡོད་སའི་གྲྭ་ཤག་དེ་ནི་ཨ་ལགས་ཀླུ་རྩེ་ཚང་གི་ནང་ཆེན་ཡིན་ཟེར་ཡང་གྲྭ་ཤག་ཤིན་ཏུ་ཐེབས་ཆག་ཅིག་ལས་མེད་ལ་མིག་ཤེལ་དཀར་བོ་མནབ་པའི་གྲྭ་བ་དེའི་གྲྭ་ཤག་ཀྱང་ངེད་ཚོའི་ཤག་ལས་ཀྱང་སྡུག་པ་ཙམ་མོ།།

        བདག་གི་གནས་ཀྱི་དགེ་རྒན་གྱི་བཀའ་བཞིན་ཉིན་རེ་རེ་བཞིན་བྱམས་ཁང་ཆེན་མོའི་མདུན་དུ་སོང་ནས་བརྐྱངས་ཕྱག་སུམ་བརྒྱ་རེ་འཚལ་དགོས་ལ་ཕྱག་གྲུབ་རྗེས་སྐོར་བ་སོང་ན་གྲྭ་ཤག་མང་བོ་པང་ལ་བླངས་པ་བཞིན་མཐོང་ཐུབ་ཅིང་།  མིག་ཤེལ་དཀར་བོ་མནབ་པའི་གྲྭ་བ་དེའི་གྲྭ་ཤག་ཀྱང་དེའི་གྲས་སུ་ཡོད་ལ། ཅུང་མི་འདྲ་ས་ནི་ཁོང་གི་གྲྭ་ཤག་གི་སྒོ་ཁར་གྲྭ་བ་མང་བོ་ཡར་འགྲོ་མར་འགྲོ་བྱེད་བཞིན་ཡོད་ལ། མཚམས
རེར་ཁོང་ཡང་གྲྭ་ཤག་གི་ཉི་ཕུག་དྲོ་ས་དེར་དཔེ་ཆར་གཟིགས་བཞིན་པ་མཐོང་ཐུབ། ཐེངས་ཤིག་ངའི་དགེ་སྤུན་དང་ངེད་གཉིས་ཚམ་ཚོམ་མེད་པར་ཁོང་གི་གྲྭ་ཤག་ཏུ་འཛུལ་བ་ཡིན་ལ། གྲྭ་ཤག་ཤིན་ཏུ་ཐེབས་ཆག་ཡིན་ན་ཡང་འདུག་ས་ཧྲིལ་བོ་དཔེ་ཆས་གང་འདུག་ལ་དཔེ་ཆ་སྣ་རིང་དང་མགོ་བཙེམ་རྒྱ་ཡིག་དང་བོད་ཡིག་ཤོག་སྟོང་དང་འབྲི་དེབ་མང་བོ་གདན་གྱི་སྟེང་དང་མདུན་ཅོག་ཁང་བའི་མཐིལ་གང་ཡིན་སར་བླུགས་འདུག་པས་ཕལ་ཆེར་ཉལ་ས་ཕར་ཞོག་བཙོག་ས་དགའ་ཞིག་ཀྱང་མེད་པ་འདྲ། ཁོང་གིས་ཚ་ཐབ་བམ་ས་སྟེགས་སྟེང་དུ་གན་རྐྱལ་དུ་ཉལ་ནས་དཔེ་ཆར་བལྟས་འདུག་ཅིང་། ངེད་གཉིས་མཐོང་མ་ཐག་ཡར་ལ་བཙོག་ནས་ངེད་གཉིས་ཅིའི་ཕྱིར་ཡོང་མིན་དྲིས་བྱུང་ཡང་། ངེད་གཉིས་ཀྱིས་ལན་གང་ཡང་མ་བཏབ་པར་ཕན་ཚུན་ངོ་ལ་བལྟས་ནས་གློ་བུར་དུ་བགད་པ་ཡིན། དེ་ནས་ཁོང་གིས་སློབ་གྲྭར་སོང་མྱོང་མིན་དང་རྒྱ་ཡིག་ཤེས་མིན།འདོན་པ་བློར་ཟིན་གི་ཡོད་མེད་སོགས་མང་བོ་དྲིས་བྱུང་ལ། ངའི་སེམས་སུ་ཁོང་གི་མིང་དུས་དེབ་ཁག་ཏུ་ཡོད་པ་མ་གཏོགས་སྤྱིར་བཏང་གི་ཁ་བརྡ་བྱེད་མཁན་ཞིག་དང་སྤྱིར་བཏང་གི་མི་ཞིག་རེད་དམ་སྙམ་ནས་ངོ་མཚར་སྐྱེས། རྗེས་མར་དགེ་སྤུན་ལ་ཁོང་གི་གྲྭ་ཤག་ཏུ་འགྲོ་ཞེས་རེ་བ་བཏོན་ཡང་། ཚོད་མེད་དུ་དགེ་བཤེས་ཚོའི་གྲྭ་ཤག་ཏུ་ཉུལ་ན་གུས་པ་མེད་པའི་རྟགས་ཤིག་དང་། སྐོབ་རྟགས་༼འགྲོ་སྟངས་མེད་པའི་དོན།༽ཡིན་པར་བཤད་པས་ཁོང་གི་གྲྭ་ཤག་ལ་ཡུན་རིང་བོར་སོང་མ་མྱོང་།

     རྗེས་མར་ཀླུ་ཚང་གི་ཚོགས་ལ་ཞུགས་རྗེས་ངེད་ཚོའི་འཛིན་གྲྭ་གང་བོ་འབལ་གྱི་ཨ་ཁུ་བརྩོན་འགྲུས་ཚང་གི་མདུན་ནས་བསེ་བསྡུས་གྲྭའི་དཔེ་ཁྲིད་ལན་མང་སོང་ཞིང་སྐབས་དེ་དག་ལ་ཨ་ཁུ་བརྩོན་འགྲུས་ཚང་གིས་དཔེ་ཁྲིད་ཀྱི་ཞོར་ལ། ཁོང་གི་རིག་པ་བཟང་ཚུལ་དང་རྩོད་པ་འཕེན་ལུགས་ཁས་ལེན་འཛིན་ལུགས་སོགས་མང་བོ་གསུངས་ཤིང་། ངེད་ཅག་ཀྱང་ཁོང་གི་མདུན་ལ་དཔེ་ཁྲིད་ལ་སོང་ན་ལེགས་ཚུལ་སོགས་ཐེངས་གཅིག་མིན་པར་ལབ་མྱོང་བས་ཐེངས་ཤིག་སྐྱོར་དཔོན་གྱིས་ཞུས་པ་བཞིན་ཁོང་གི་མདུན་ནས་རྭ་བསོད་ནམས་དབང་རྒྱལ་གྱི་བསྡུས་གྲྭ་འམ་རྭ་བསྡུས་ཀྱི་དཔེ་ཁྲིད་ཐོག་མར་ཞུས།  ཁོང་གི་སློབ་ཁྲིད་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་སྟེ་ཐོག་མར་ཚིག་བློ་ལ་འཛིན་དུ་འཇོག་ཅིང་དེ་ནས་ཚིག་གི་དོན་བཀྲལ། དེ་ནས་རྩོད་པ་འཕེན་ཞིང་རྩོད་པ་འཕེན་དུས་ཀྱང་གོ་སླ་བ་དང་དགོད་བྲོ་བ་ཚིག་འཁྲི་མང་བོ་ཅན་འཕེན་པས་ཁོང་གི་སློབ་ཁྲིད་ཧྲིལ་བོ་དགོད་སྒྲ་དང་བློ་འཛིན་བྱེད་པའི་རྣམ་པ་ཁོ་ནས་བཀང་འདུག་ལ་རྣམ་གཡེང་དང་གཉིད་དུ་འཇུག་པ་སོགས་ལ་གོ་སྐབས་ཡེ་མི་སྟེར་ཞིང་། བཀའ་བཀྱོན་དྲག་པོ་གནང་བར་བྱེད། སྐབས་དང་སྐབས་སུ་རྒྱན་དྲུག་མཆོག་གཉིས་དང་བོད་ཀྱི་མཁས་དབང་མང་བོས་དཀའ་བ་སྤྱད་ཚུལ་ནས་སློབ་གཉེར་གནང་ལུགས་ཀྱི་རྣམ་ཐར་ལོ་རྒྱུས་མང་བོ་འབེལ་བོར་གསུངས་པས་ཁོང་གི་སློབ་ཁྲིད་ནི་སློབ་ཁྲིད་རྐྱང་བ་ཙམ་དུ་བསམ་ན་རྦད་དེ་ནོར་བ་ཡིན། མ་ཟད་སློབ་ཐུན་གྲོལ་དུས་ཀྱང་བློར་གཟུང་བྱ་མང་བོ་དང་ཤེས་དགོས་པའི་དྲི་བ་མང་བོ་ལས་བྱའི་ཚུལ་དུ་འཇོག་ཅིང་། སང་ཉིན་ཤེས་ཡོད་མེད་སོ་སོར་དྲིས་རྗེས་གང་ལ་གང་འདུལ་བྱེད་པས་ང་ལྟ་བུ་སློབ་གཉེར་ལ་ཡེ་མི་སྤྲོ་བ་དག་ཀྱང་ཁོང་གི་མདུན་ནས་ཡར་ཡར་འཕེལ་བ་ཀུན་ལ་མཐུན་སྣང་ཡིན།

      བདག་གི་གནས་ཀྱི་སློབ་དཔོན་ནི་སུམ་རྟགས་སྙན་གསུམ་དང་ཕར་ཚད་ཀྱི་གཞུང་ལ་འཛིན་གྲྭའི་ནང་གི་རྩེ་ཕུད་དག་གི་གྲས་སུ་གཏོགས་ཤིང་། ལྷན་སྐྱེས་ཀྱི་ཁ་རྒོད་ཅིང་སྙན་ཚོམས་ཐང་ངེ་ཐུང་ངེ་འགྲོ་ཞོར་དུ་འབྲི་ཞིང་།  ཁོང་གིས་བཏགས་པ་བྱས་པའི་གཏམ་མང་བོ་ཀུན་གྱིས་ཁ་ལ་རང་བཞིན་གྱིས་འཇགས་པ་ཞིག་ཡོད། སློབ་དཔོན་ཁོང་གི་ཤུགས་རྐྱེན་ཡིན་ནམ་ཅི་བདག་ཀྱང་ཆུང་དུས་ནས་སྙན་ངག་ལ་འབྲི་བར་དགའ་ན་ཡང་། གོ་སྐབས་ལེགས་པོ་ཞིག་མ་བྱུང་བར་ཡུན་རིང་ལུས། སྐབས་ཤིག་འཛིན་གྲྭ་གོང་འགབ་ཀྱི་གྲྭ་བ་མང་བོ་ཞིག་གིས་སུམ་རྟགས་ཀྱི་དཔེ་ཁྲིད་དང་སྙན་ངག་གི་དཔེ་ཁྲིད་ཅིག་ཁོང་ལ་ཞུས་པ་བཞིན་གྲྭ་བ་བཞི་བཅུ་ཙམ་གྱིས་གྲུབ་པའི་འཛིན་གྲྭ་ཞིག་ལ་མཁས་དབང་དམུ་དགེ་ཚང་གི་བློ་གསལ་འཇུག་དགའ་སྟོན་དང་བློ་གསལ་འཇུག་ངོགས། འཕྲོས་སུ་ཚངས་སྲས་བཞད་པའི་སྒྲ་དབྱངས་སོགས་ལ་ཡང་བག་ཆགས་འཇོག་རྒྱུའི་སྐལ་བ་བཟང་བོར་སྨིན།  དེ་དུས་ཀླུ་ཚང་དུ་རིག་གནས་སྦྱངས་ན་བསྟན་བཤིག་གམ་ལྟས་ངན་གྱི་གྲས་སུ་འཇོག་ཅིང་། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།། གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།།རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།། ཞེས་པའི་ལུང་དེ་ཤེས་མི་ཤེས་གཉིས་ཀྱིས་ཤ་ལྡད་ལྡད་བྱེད་པས་ཁོང་ལ་ཡང་མྱི་ཁ་དང་ཟུར་ཟ་འཕྱ་དམོད་ལྟས་ངན་སོགས་ཀྱིས་རྣ་ཙོར་མང་བོ་བཏགས་ཡོད་པར་ཐེ་ཚོམ་མེད་ན་ཡང་དམ་བཅའ་དང་རང་ཚུགས་ཚེ་དང་སྙོམས་མཁན་དེ་དག་ལ་ད་བཟོད་དམ་པ་ཞེས་བོས་ཆོག་པ་འདྲ།  སྐབས་དེར་ངེད་ཅག་ལ་སྙན་ངག་སོགས་དཔེ་ཁྲིད་བྱེད་པའི་དུས་སུ་ཉིན་དཀར་བྱས་ན་སྟབས་བདེ་མེད་པས་དགུང་མོའི་ཆུ་ཚོད་བཅུ་བ་ཙམ་ལ་འཚོགས་ནས་བཅུ་གཅིག་ཕྱེད་དང་ཚ་བའམ་བཅུ་གཉིས་སྟེང་གྲོལ་བཞིན་ཡོད་མོད། དེ་ཡང་ཉིན་འགའ་འམ་ཟླ་འགའི་དུས་ཚོད་མིན་པས་ལོ་གཉིས་གསུམ་ལ་བསྟུད་མར་རྒྱུན་བསྲིངས་ཕྱིར་ཁོང་ལ་དཀའ་ཁག་ཅི་ཙམ་བཟོས་པ་མ་བཤད་ཀྱང་ཤེས་མོད། ད་ལྟ་ཁོང་གི་སློབ་བུར་གྱུར་བ་ལ་འཆད་རྩོད་རྩོམ་པའི་གཡུ་རལ་རྒྱས་པ་དུ་མ་བུ་ལས་ཚ་བོ་དང་ཚ་བོ་ལས་ཡང་ཚ་རྫིགས་པའི་ཚད་དུ་ཡོད་པས་དཀའ་ཁག་ལ་གྲུབ་འབྲས་ཡོད་ཨང་།

       ཁོང་ནི་བརྩམས་ཆོས་གང་ཞིག་བྲིས་མ་ཐག་གཞན་ལ་སྐུར་རྐྱང་བྱེད་པ་དེ་འདྲ་གཏན་ནས་མིན་ཏེ་ངེད་ཚོར་ཡང་ཚངས་སྲས་བཞད་སྒྲ་ཆ་ཚང་ལ་དཔེ་བརྗོད་ལྔ་རེ་གྲུབ་རྗེས་ད་དུང་མི་རེ་ཤོ་ལོ་ཀ་སྟོང་གཉིས་རེ་ངེས་པར་གྲུབ་དགོས་ཤིང་། དེའི་འཕྲོས་སུ་ད་བཟོད་དུས་དེབ་ཁག་ཏུ་རྩོམ་ཡིག་འགོད་འོས་ཞེས་གསུངས་མྱོང་ལ། བདག་ལྟ་བུས་རྩོམ་ཡིག་རེར་ཞུ་དག་བྱེད་པར་སྐུལ་ན་ཡང་དཀའ་ཚེགས་མེད་པར་ལྟ་བས་ཆེན་པོ་དག་ལ་མེད་པའི་ཆེན་པོའི་ཁྱད་ཆོས་ཤིག་ཀྱང་ཁོང་ལ་ཡོད། ལོ་མང་བོར་ཁོང་དང་བཅར་བས་བློ་རྟགས་གཉིས་དང་ས་ལམ་གྲུབ་མཐའ། དོན་བདུན་ཅུ། དྲང་ངེས། དབུ་མ། མཛོད། ལམ་རིམ། སྒེའུ་སྟེང་ཆབ་ཤོག་སོགས་ཀྱི་བཀའ་དྲིན་ཡང་བསྩལ་མྱོང་། ཁོང་གི་མདུན་དུ་ནམ་སོང་ན་དཔེ་ཆར་གཟིགས་འདུག་ཅིང་། ཡང་ན་ཅིག་འབྲི་བ་དང་དཔེ་ཆ་རེ་བཙལ་ནས་བཞུགས་འདུག་པ་ལས་རྣམ་པར་གཡེང་བའི་ཚུལ་ཙམ་ཡང་མཐོང་བ་མེད་ལ་ཞོར་དུ་རང་དགོན་གྱི་འཛིན་གྲྭ་གོང་འགབ་མང་བོར་དཔེ་ཁྲིད་ཆགས་མེད་དང་། དབྱར་དགུན་གནང་ལ་ཕྱོགས་ཡོང་དོན་གཉེར་ཅན་མང་བོར་སློབ་ཁྲིད་བསྟུད་མར་གནང་བཞིན་འདུག་པས་ཁོང་གི་དུས་ཚོད་ནི་གཞན་གྱི་དུས་ཚོད་དང་གསེར་ལས་ལྷག་པའི་དུས་ཚོད་རེད་ཨང་། ཞོར་དུ་༼ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།༽དང་༼སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ།༽༼ནང་བསྟན་དཔལ་འབྱོར་རིག་པའི་སྟོད་ཆ།༽༼བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས།༽༼གངས་སེང་འཚོལ་བ།༽༼ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས།༽༼བོད་ཀྱི་ལོ་རྒྱུས་མཐའ་དཔྱོད།༽༼དགེ་ལུགས་པའི་ཚད་མའི་ལོ་རྒྱུས༽༼བོད་ཀྱི་དགོན་སྡེ་སློབ་གསོ།༽༼ཚངས་མགུར་ཞིབ་འཇུག༽༼ཐར་ཤུལ་དགོན་གྱི་གདན་རབས།༽༼ཆོས་རྗེ་བློ་བཟང་བསྟན་དར་དཔལ་བཟང་བོའི་རྣམ་ཐར།༽སོགས་ལས་དེབ་གཅིག་གཉིས་མ་གཏོགས་ཡོངས་རྫོགས་དཔར་བསྐྲུན་གྲུབ་ཅིང་། ན་ནིང་ཁོང་ཤེས་རིག་ནོར་བུའི་སློབ་གླིང་དུ་བཞུགས་སྐབས་བདག་ཁོང་ལ་མཇལ་དུ་སོང་བར། ད་དུང་ཡང་དཔེ་དེབ་བཅུ་ལྷག་གྲུབ་༼འདིའི་ནང་ལ་སྙན་ཚོམས་སྐོར་མི་ཐེ།༽ནས་དཔེ་བསྐྲུན་ཁང་ལ་སྙན་ཞུ་བརྒྱབ་ཚར་བའི་འཕྲོས་མོལ་བྱུང་བ་དེ་དག་ལ་བསམ་ཚེ་དངོས་གནས་ཡ་མཚར་བ་ཞིག་སྟེ།  གསུང་རྩོམ་ཉི་ཤུ་བརྒལ་བ་འབྲི་བའི་དུས་ཚོད་དེ་ཙམ་གང་ནས་བྱུང་ངམ། དཔེ་ཀློག་དང་ཐོས་བསམ་དེ་ཙམ་བྱེད་བཞིན་པ་མངོན་སུམ་དང་། སྐྱ་སེར་རིས་མེད་ཀྱི་སློབ་བུ་དེ་ཙམ་སྐྱོང་བའི་བར་དང་གླེགས་ནས་ཡི་གེའི་ཕུང་བོ་ཆེན་པོ་དེ་འདྲ་གྲུབ་པ་ནི་ཕལ་བས་རྨི་ལམ་དུ་ཡང་ཡོང་མི་སྲིད་པའི་དམ་པའི་རྟགས་དང་མཚན་མ་ཁོ་ནའོ།།

     ད་དུང་འདི་ལས་བརྩམས་ཏེ་མང་བོ་ལབ་དུ་ཡོད་མོད། ངས་ཁོང་གི་༼སེམས་ཁོང་གི་ཉི་མ།༽ཐོགས་མར་བཀླགས་པ་ནས་ཁོང་བདག་གི་སེམས་ཁོང་གི་ཉི་མར་གྱུར་བའི་བར་གྱི་བརྒྱུད་རིམ་ཧྲིལ་བོར་འདང་ཞིག་བརྒྱབ་ཚེ། གཞན་དག་གིས་རྒྱ་གྲོལ་འབོད་པའི་སྐྱེས་བུ་ཁོང་ནི་ཁོ་བོ་རྨོངས་པའི་རྒྱ་ལས་གྲོལ་བར་བྱེད་པའི་ས་མཁན་ནམ་ལམ་པའོ་ཞེས་ཞུ་འདོད་བྱུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-08 ལྟ་ཀློག (5212)