ཨ་མ་དང་ཁོ་མོའི་རུས་རྐང་།

ཨ་མ་དང་ཁོ་མོའི་རུས་རྐང་།


       • ངོ་མཚར་བའི་དངོས་བྱུང་གཏམ་རྒྱུད་ཅིག

      དེ་ཡང་རྒྱའི་ཐང་དང་བོད་བཙན་པོའི་ཁབ་ཀྱི་བར་དུ་ལོ་ངོ་ཉིས་བརྒྱ་ལྷག་ལ་དམག་འཁྲུག་རྒྱུན་རིང་བྱུང་། བོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཀླུ་ཀོང་གིས་བོད་དམག་(དམག་མིའི་ཁྲོད་དུ་འ་ཞ་དང་། ཏང་ཞང་། འཇང་སོགས་ཀྱང་ཡོད།)ཁྲི་ཉི་ཤུ་ལྷག་ཁྲིད་དེ། ལུང་ཀོང་ཏུའུ་(龙光度)ནས་རྒྱའི་དམག་དཔོན་ཀོ་ཙི་དབྱི་ཕམ་པར་བཏང་སྟེ་རྒྱལ་ས་ཁྲང་ཨན་ལ་དཔུང་འཇུག་བྱས། ཡུན་རིང་མ་འགོར་བར་རྒྱལ་ས་ཤོར་ཅིང་གོང་མ་ཧྲན་ཀྲིག་(鄯州)ཏུ་བྲོས་པའི་གཏམ་རྒྱུད་ཀྱང་ཏག་ཏག་སྐབས་འདིར་བྱུང་བ་རེད། འོན་ཀྱང་དེ་ལས་ཀྱང་ངོ་མཚར་བའི་གཏམ་རྒྱུད་ཅིག་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ལི་ཞན(理县)ལ་བོད་ཀྱི་དཔུང་ཆེན་འདེགས་སྐབས་དངོས་ཡོད་གཏམ་རྒྱུད་འདི་འདྲ་ཞིག་བྱུང་མྱོང་། རྒྱའི་«ཐང་ཡིག་རྙིང་མ»ལས། ཧྲང་ཡོན་གྱི་ཁྲི་ལོ་དང་པོའི་རྗེས་སུ། ཧི་ཞིས་ཀྱི་ལུང་ཡུག་རྒྱུད་ཀྱི་ཀྲིག་ཞན་རྣམས་བྷོད་ལ་ཤོར། བྷོད་ཀྱི་བཙན་པོས་སི་ཁྲོན་དབང་དུ་བསྡུ་བར་བསམས་ནས་ཝེས་ཀྲིག་(ད་ལྟའི་ལི་ཞན(理县)ལ་དཔུང་དྲག་པོ་བཏང་སྟེ་རྒོལ་དུ་བྱུང་ནའང་རྒྱལ་ཁ་མ་ལོན། དེར་བོད་ཀྱི་བུད་མེད་ཅིག་ཝེས་ཀྲིག་གི་མཁར་སྒོ་སྲུང་མཁན་ཞིག་ལ་བག་མར་བྱིན། ལོ་ཉི་ཤུའི་ཡུན་ལ་དེར་བུ་གཉིས་སྐྱེས། སྐབས་དེར་སླར་ཡང་བྷོད་དམག་མཁར་བཅོམ་དུ་ཡོང་བས། བུ་དེ་གཉིས་ཀྱིས་མཁར་ནང་ནས་རོགས་འདེགས་བྱས་པས་མཁར་དེ་བྷོད་ཀྱིས་འཕྲོགས། བྷོད་ལ་རྒྱལ་ཁ་ཐོབ་པས་མཁར་དེ་ལའང་ཡིད་བདེ་མཁར་(无忧城)ཞེས་མིང་བཏགས།  འདི་ནི་བཙན་པོའི་སྙིང་སྟོབས་ཀྱིས་ངར་བླུད་ཅིང་རིགས་ཀྱི་ཞེན་པ་ཡིས་རྒྱས་བཏབ་པའི་བོད་ཀྱི་ཨ་མ་ཞིག་གི་ངོ་མཚར་བའི་རྟོགས་བརྗོད་རེད།
འདི་ནི་མཛེས་སྡུག་གི་ལང་ཚོ་ས་ལ་བསྟིམས་ཤིང་ལ་རྒྱ་ཡི་རུས་པ་རྡོ་ལ་བསླངས་པའི་བོད་ཀྱི་ཨ་མ་ཞིག་གི་གསང་བའི་རྣམ་ཐར་རེད།
འདི་ནི་ཡར་ཀླུང་སོག་ག་ནས་མཆེད་པའི་ཐུ་བྷོད་བཙན་རྒྱལ་གྱི་རྟ་དམག་གི་རྨིག་སྒྲ་དང་འགྲོགས་པའི་བོད་ཀྱི་ཨ་མ་ཞིག་གི་དཔའ་མཛངས་རྟུལ་ཕོད་ཀྱི་ལོ་རྒྱུས་རེད།
འདི་ནི་ཁ་སང་གི་བྱུང་བ་རེད།
འདི་ནི་དེ་རིང་གི་དྲན་པ་རེད།
འདི་ནི་ཨུ་ཚུགས་ཀྱི་མནར་གཅོད་རེད།
འདི་ནི་བློ་དཀར་གྱི་ཕྱིར་མིག་རེད།
འདི་ནི་རྡོ་རིང་ཞིག་རེད།
འདི་ནི་གླེགས་བམ་ཞིག་རེད།

                   ༢༠༡༥-༨-༢༠ཉིན་འབྲོག་སངས་ཀྱིས་གསེར་ཐང་ནས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-30 ལྟ་ཀློག (3824)