བོད་ཀྱི་སྒྲུང་གཏམ་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལ་བཅར་འདྲི་བྱས་པ།

བོད་ཀྱི་སྒྲུང་གཏམ་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལ་བཅར་འདྲི་བྱས་པ།

     དེང་རབས་བོད་ཀྱི་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བན་ཤུལ་ཚོ་དྲུག་གླིང་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས །  ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ཤིང་དགེ་རྒན་གྱི་ཕྱག་ལས་གནང་ཞོར་ཏུ་སྒྲུང་གཏམ་སོགས་རྩོམ་ཡིག་སྣ་ཚོགས་བྲིས།   ༡༩༨༧ ལོ་ནས་བཟུང་ད་ལྟའི་བར་དུ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་)(ཟླ་ཟེར་)(གངས་རྒྱན་མེ་ཏོགསོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་༧༠ ལྷག་སྤེལ་ཡོད་པ་དང་།  དེ་དག་ལས་ཉི་མ་ནུབ་རིར་ཡལ་དུས་དང་ཉིན་གཅིག་གི་ཆོ་འཕྲུལ་་)(སྒོ་ཁྱི་)(ཧྭ་པ་གསོས་པའི་ཟིན་བྲིས་སོགས་སྒྲུང་གཏམ་མང་བོ་རྒྱ་ཡིག་ཏུ་བསྒྱུར་ཏེ། བོད་ཀྱི་རྩོམ་རིག་དང་མི་རིགས་རྩོམ་རིག་)(མཚོ་སྔོན་པོ་སོགས་རྒྱ་ཡིག་དུས་དེབ་ཏུ་བཀོད་ཡོད །  སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པར་མ་ཟད། དབྱིན་ཇི་དང་འཇར་མན། ཧྥ་རན་སི།  འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་ཡོད། སྔ་གཞུག་ཏུ་སྐབས་གཉིས་པ་དང་བཞི་བ། ལྔ་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་།ཟླ་ཟེར་སྤེལ་ནས་ལོ་འཁོར་༢༠ ལོན་པའི་ཕུལ་བྱུང་སྙན་ངག་བྱ་དགའ་དང་ལོ་འཁོར་༣༠ ལོན་པའི་ཕུལ་བྱུང་བརྩམས་སྒྲུང་བྱ་དགའ། སྐབས་གཉིས་པའི་རྒྱལ་ཡོངས་གངས་རྒྱན་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ།  མཚོ་སྔོན་ཞིང་ཆེན་སྐབས་བཞི་བ་དང་ལྔ་བའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཕུལ་བྱུང་བརྩམས་ཆོས་བྱ་དགའ། མཚོ་སྔོན་ཞིང་ཆེན་སྐབས་དང་བོའི་འབྲོང་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ།  རྒྱ་ཡིག་གི་མཚོ་སྔོན་པོའི་རྩོམ་རིག་བྱ་དགའ།  མི་རིགས་རྩོམ་རིག་གི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། པར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་གཙོ་བོར་སྒྲུང་རིང་ལྷིང་འཇགས་ཀྱི་རྩྭ་ཐང་དང་རྒུད།སྒྲུང་ཐུང་ཕྱོགས་བསྒྲིགས་མི་རབས་གསུམ་གྱི་རྨི་ལམ།སྒྲུང་འབྲིང་ཕྱོགས་བསྒྲིགས་ཁ་བ་མེད་པའི་དགུན་ཁ །སྒྲུང་ཐུང་རྒྱ་འགྱུར་མ་ཕྱོགས་བསྒྲིགས་མི་ཚེ་གླུ་དབྱངས། སྒྲུང་ཐུང་ཉི་ཧོང་སྐད་འགྱུར་མ་ཕྱོགས་བསྒྲིགས་ཧཱ་པ་གསོས་པའི་ཟིན་བྲིས། སོགས་ཡོད།  སྒྲུང་འབྲིང་ཕྱོགས་བསྒྲིགས་དེབ་སྐྱབས་ལོ་དང་ཁོའི་རལ་བ། དང་། སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་རྒན་པོ་དང་ནོར་ཁྱུ །སོགས་དེབ་འགའ་དཔར་འགྲུབ་འབྱུང་ལ་ཉེ།  ༢༠༡༦ ལོའི་ཟླ་༨པར་ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་བུམ་པའི་རྩོམ་རིག་བྱ་དགའ་ཐོབ།  དེ་བས་ཐེངས་འདིར་ཆེད་དུ་ཁོང་ལ་རྟ་མཆོག་བུམ་པའི་རྩོམ་རིག་བྱ་དགའ་ཐོབ་པའི་རྒྱུད་རིམ་སྐོར་བཅར་འདྲི་བྱས་པ་ཡིན།



   ༡ སྐུ་ཉིད་བདེ་མོ། བདག་ནི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པ་བན་ཤུལ་འཇམ་དབྱངས་ཡིན། ཉེ་ལམ་ཁྱེད་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཁྲོད་ཚད་མཐོ་ཤོས་ཀྱི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་པའི་བརྒྱུད་རིམ་ངོ་སྤྲོད་ཅིག་བྱས་ཆོག་གམ།

ལན། བདེ་མོ་ཡིན། རྟ་མཆོག་བྱ་དགའ་ནི་ཀྲུང་གོའི་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་བཞིའི་ནང་གི་གཅིག་རེད།  དེ་དག་ནི་སྒྲུང་རིང་ཐད་མའོ་ཏུང་རྩོམ་རིག་བྱ་དགའ་དང་། སྒྲུང་ཐུང་འབྲིང་དང་ལྷུག་རྩོམ། སྙན་ངག་སོགས་ཀྱི་ཐད་ནས་ལུའུ་ཞུན་རྩོམ་རིག་བྱ་དགའ།    གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཐད་ནས་རྟ་མཆོག་བྱ་དགའ།  རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་བྱིས་པའི་རྩོམ་རིག་བྱ་དགའ་བཅས་རེད།རྟ་མཆོག་བྱ་དགའ་ནི་སྤྱི་ལོ༡༩༨༡ལོ་ནས་མགོ་བརྩམས་ཤིང་ལོ་བཞི་རེའི་ནང་དུ་ཐེངས་རེར་དཔྱད་འདེམས་བྱེད་ཅིང་།  ལོ་བཞི་བོའི་ནང་དུ་རྒྱ་རིགས་མ་གཏོགས་པའི་གྲངས་ཉུང་མི་རིགས༥༥བོའི་ཁྲོད་ནས་གྲུབ་འབྲས་ཆེས་མངོན་གསལ་ཡིན་པའི་བརྩམས་ཆོས་ཉི་ཤུ་ཙམ་བདམས་ནས་གཟེངས་བསྟོད་བྱེད་པ་ཞིག་རེད།རྟ་མཆོག་བྱ་དགའི་ནང་གསེས་ཀྱི་རྣམ་གྲངས་ཐད་ནས་སྒྲུང་རིང་གི་བྱ་དགའ་དང་། སྒྲུང་ཐུང་འབྲིང་གི་བྱ་དགའ། ལྷུག་རྩོམ་གྱི་བྱ་དགའ། སྙན་ངག་གི་བྱ་དགའ།  སྙན་ཞུའི་རྩོམ་རིག་གི་བྱ་དགའ།  བསྒྱུར་རྩོམ་གྱི་བྱ་དགའ་བཅས་སུ་དབྱེ་འདུག  འགྲན་ཞུགས་རེ་ཞུའང་མི་སྒེར་ངོས་ནས་བྱས་མི་ཆོག་པར་ངེས་པར་གཞུང་ངོས་ནས་ཁས་ལེན་པའི་ཐུན་མོང་གི་ཚོགས་པ་སྟེ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་སམ།ཞིང་ཆེན་མི་རིགས་ཆོས་ལུགས་ཅུ་སོགས་བརྒྱུད་ནས་ཁོ་ཚོས་གཅིག་བསྡུས་ཀྱིས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ལ་སྤྲོད་པ་རེད། སྐབས་བཅུ་གཅིག་པའི་(༢༠༡༢ལོ་ནས་༢༠༡༥ལོའི་བར)རྟ་མཆོག་བྱ་དགའ་ནི་ད་ལོའི་ཟླ༣པའི་ཚེས༡ནས་ཟླ༥བའི་ཚེས༣༡བར་དུ་རྩོམ་ཡིག་བསྡུ་རུབ་བྱས་པ་རེད་ལ། འགྲན་ཞུགས་རྩོམ་ཡིག་གི་ཆ་རྐྱེན་ཐད་ནས་དཔེ་པར་སྐྲུན་བྱས་པའི་སྔོན་གྱི་ལོ་བཞིའི་ནང་གི་བརྩམས་ཆོས་ཀྱིས་དཔེ་ཆའི་སུམ་ཆའི་གཅིག་ཟིན་དགོས་འདུག  ཟླ༧པའི་ཚེས་མགོར་འགྲན་ཞུགས་རྩོམ་ཡིག༣༢༠ལྷག་ཡོད་པ་ཚང་མ་དྲ་ངོས་སུ་བཀོད་དེ་སྤྱི་ཚོགས་སུ་ལྟ་རྟོག་བྱེད་དུ་བཅུག་པ་དང་།  ཟླ༧པའི་ཚེས༡༥ཉིན་ཐོག་མའི་དཔྱད་འདེམས་མཇུག་འབྲས་ཏེ།བརྩམས་ཆོས༧༥དྲ་ངོས་སུ་བཀོད་དེ་སྤྱི་ཚོགས་ལ་ལྟ་རྟོག་བྱེད་དུ་བཅུག  དེ་རྗེས་ཟླ༨པའི་ཚེས༢ཉིན་གྱི་སྔ་དྲོར་རྟིང་མའི་དཔྱད་འདེམས་མཇུག་འབྲས་ཏེ།  བརྩམས་ཆོས༢༥ལ་ཐེངས་འདིའི་རྟ་མཆོག་བྱ་དགའ་ཐོབ་པ་ཐག་གཅོད་བྱས་ཏེ་ཡོངས་སུ་བསྒྲགས།   ཟླ༩བའི་ཚེས༢༧ཉིན་གྱི་དགོང་མོའི་དུས་ཚོད༧དང་ཕྱེད་ཀའི་སྟེང་པེ་ཅིན་གྱི་ཀྲུང་གོའི་དེང་རབས་རྩོམ་རིག་ཕོ་བྲང་དུ་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ་རེད། 

 

  ༢ སྐུ་ཉིད་ཀྱིས་དུས་རྒྱུན་བརྩམས་སྒྲུང་འབྲི་སྐབས་མཚོན་ཐབས་གང་ཞིག་སྤྱད་པ་དང་། བརྩམས་སྒྲུང་གི་ཁ་གཏད་ཡུལ་གཙོ་བོ་གང་ཞིག་གཞིར་བཟུང་བ་ཡིན། 

ལན། མཚོན་ཐབས་སྤྱད་པའི་ཕྱོགས་ཅུང་རྙོག་འཛིང་ལྡན། བརྩམས་སྒྲུང་བྲིས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཟིན་འདུག་ཅིང་།  ཐོག་མའི་དུས་རིམ་དུ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་དང་། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས། ལུགས་འཆལ་གྲུབ་མཐའི་འབྲི་ཐབས་སོགས་སྣ་མང་དུ་བྲིས་མྱོང་།  ཡིན་ནའང་ཕྱི་དུས་ནས་བཟུང་དངོས་ཡོད་རིང་ལུགས་རྐྱང་བའི་ངོས་ནས་བྲིས་པ་ཡིན་ཅིང་།  བརྩམས་སྒྲུང་གི་ཁ་གཏད་ཡུལ་གཙོ་བོ་ཡང་གཞི་རིམ་མང་ཚོགས་ཀྱི་རྗེས་ལུས་ཀྱི་འཚོ་བ་དང་སྒྱིད་ལུག་གི་བསམ་བློ། བེད་མེད་ཀྱི་སྟོང་བསམ་སོགས་དང་།  གཞི་རིམ་དཔོན་རིགས་ཀྱི་རུལ་སུངས་བྱ་སྤྱོད་སོགས་ལ་མཚང་འབྱིན་བྱེད་པ་དེ་ཡིན་ཞེས་བཤད་ཆོག


  ༣ རང་ཉིད་ཀྱིས་བལྟས་ན་ཐེངས་འདིའི་བྱ་དགའ་ཐོབ་པའི་སྒྲུང་གཏམ་ཁ་བ་མེད་པའི་དགུན་ཁ་ཞེས་པ་འདིས་ཁྱོད་ཀྱི་བརྩམས་སྒྲུང་ཁྲོད་གོ་གནས་ག་འདྲ་ཞིག་བཟུང་ཡོད།  

ལན། ཁ་བ་མེད་པའི་དགུན་ཁ་ནི་ངའི་སྒྲུང་འབྲིང་ཕྱོགས་བསྒྲིགས་མགོ་མ་ཡིན་ཞིང་། དེ་ནི་ཁ་བ་མེད་པའི་དགུན་ཁ་དང་མི་རྒྱ་བྷ་ཁྱི་རྒྱ་བྷ། ལོ་ཟླ་ནི་སྡོང་ལོའི་རི་མོ་བཞིན། ནོར་རྫི་བྱིས་པ་བཅས་སྒྲུང་འབྲིང་བཞིས་གྲུབ་པ་ཡིན། དེའི་ཁྲོད་ཀྱི་ཁ་བ་མེད་པའི་དགུན་ཁ་དང་ནོར་རྫི་བྱིས་པ་གཉིས་ནི་ང་རང་ཧ་ཅང་འདང་ཆེ་བའི་བརྩམས་ཆོས་གཉིས་ཡིན་མོད། ཡིག་གཟུགས་བསྒྱུར་བའི་གོ་རིམ་ཁྲོད་བྱུང་བའི་གནད་དོན་དང་ཞུ་དག་གིས་མ་འདང་བའི་སྐྱོན་བཅས་ཀྱིས་ཡིད་ཧ་ཅང་ཕངས་པོ་འདུག

 

  ༤ མི་རིགས་གཞན་གྱི་བརྩམས་ཆོས་དང་བསྡུར་ན་རང་ཉིད་ཀྱི་བརྩམས་ཆོས་འདིར་མི་འདང་བའི་ཆ་ཡོད་དམ། 

ལན། ཅི་ལ་མེད། མཚོན་ཐབས་ཀྱི་ཆ་དང་འཚོ་བའི་ཟབ་ཁྱད་ཀྱི་ཆ་སོགས་ཕྱོགས་གང་ཐད་ནས་མི་འདང་བའི་ཆ་མང་པོ་ཡོད་པ་རེད།  ཡིན་ནའང་། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་ཡང་། ཁྱོད་ལ་རང་སྐྱོན་གསལ་བོར་ཤོད་ཅེས་བཤད་ཚེ་བཤད་མི་ཤེས་པ་ལྟ་བུ་རེད།  ཧ་ཧ་ཧ།  ངོ་མ་བཤད་ན། རང་ཉིད་རྩོམ་འབྲིའི་ནུས་པ་ཡར་ཐོན་བྱུང་བ་དང་བསྟུན་ནས་སྔ་མ་སྔ་མའི་ཁྲོད་ཀྱི་མི་འདང་བའི་ཆ་འགའ་རེ་རྙེད་ཀྱི་འདུག་མོད། འདི་དང་འདི་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་མི་འདུག ཧ་ཧ་ཧ། རྗེས་ནས་ང་རང་བརྩམས་སྒྲུང་གིས་སངས་རྒྱས་སོང་བའམ། རྩོམ་འབྲི་མཁན་པོ་ཞིག་ཏུ་འགྱུར་ཐུབ་སོང་ན།  དེ་དུས་སྟོན་རྒྱུ་ཡོད་ཀྱང་སྲིད།   

 

  ༥ ཁྱེད་རང་ཉིད་ཀྱི་བརྩམས་སྒྲུང་བྲིས་པའི་ཉམས་མྱོང་དང་འབྲེལ་ཏེ་བོད་ཀྱི་གཞོན་སྐྱེས་སྒྲུང་རྩོམ་འབྲི་མཁན་དག་ལ་འབོད་སྐུལ་དང་རེ་བ་ཅི་ཞིག་ཡོད།

ལན། ང་ལ་མཚོན་ན། ལོ་ངོ་སུམ་ཅུའི་དགེ་རྒན་གྱི་འཚོ་བ་ནི་ལོ་ངོ་སུམ་ཅུའི་གསར་རྩོམ་གྱི་འཚོ་བའང་ཡིན། ཚད་ངེས་ཅན་ཞིག་ནས་བཤད་ན། དགེ་རྒན་གྱི་ལས་ཀ་འདི་དང་སྒྲུང་གཏམ་གསར་རྩོམ་གྱི་བྱ་བ་གཉིས་ལ་གཅིག་མཚུངས་ཀྱི་ཆ་ཞིག་ཀྱང་ཡོད་པའི་ཚོར་སྣང་སྐྱེས་འོངས་པ་སྟེ།  དགེ་རྒན་གྱི་འགན་ཁུར་ནི་ཐབས་མི་འདྲ་བ་དུ་མར་བརྟེན་ནས་སློབ་ཁང་ནང་གི་སློབ་མ་རེ་རེ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན་ཞིང་།  སྒྲུང་གཏམ་པའི་འགན་ཁུར་ནི་ཐབས་མི་འདྲ་བ་དུ་མར་བརྟེན་ནས་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་རེ་རེ་བསྐྱེད་བསྲིང་བྱ་རྒྱུ་དེ་རེད། ཡིན་ནའང་སྒྲུང་གཏམ་གསར་རྩོམ་ནི་ཡིག་འབྲུ"སྣང་བརྙན་ཅན"དུ་གཏོང་བའི་བཟོ་སྐྲུན་རྒྱ་ཆེན་པོ་ཞིག་ཡིན་ཞིང་། མཇུག་མཐར་སྣང་བརྙན་ཅན་གྱི"ཡིག་འབྲུ"དེ་དག་ལ་བརྟེན་ནས་ཀློག་མཁན་གྱི་བླ་སྲོག་ལ་གཡོ་སྐྱོམ་དྲག་པོ་འབྱུང་དུ་གཞུག་རྒྱུ་དེ་རེད། ངས་ད་དུང་རང་ཉིད་ལ"སྒྲུང་གཏམ་པ"ཞེས་པའི་ཆོ་ལོ་ཆེན་པོ་འདི་འདོགས་འོས་མིན་ཡང་མི་ངེས་ཏེ།ངས་རང་ཉིད་ཀྱིས་བྲིས་པའི་ཡིག་འབྲུ་དེ་དག་ལ"སྣང་བརྙན"ག་ཙམ་བདོག་པ་དང"སྣང་བརྙན"དེས་ཀློག་མཁན་ལ་སྐྱོམ་སྒུལ་ཅི་འདྲ་ཞིག་གཏོང་ནུས་པའང་མི་རྟོགས།གང་ལྟར་ཡང་ང་ནི་ཚང་མས་བཤད་ལོབས་སུ་གྱུར་བའི་སྐད་ཆ་རྙིང་བ་ཞིག་ལ་ཧ་ཅང་ཡིད་ཆེས་པ་ཡིན་ཏེ། དེ་ནི"གང་ལྟར་ང་ཚོ་ངལ་རྩོལ་ལ་དགའ་ཚེ།དོན་དག་གང་དང་ཅི་ཡང་ལེགས་པོ་ཞིག་འཁྱོངས་སྲིད།"ཅེས་པ་དེ་རེད། དེར་བརྟེན། ངས་ནམ་རྒྱུན་ཁོམ་ལོང་གི་བར་གསེང་བརྒྱུད་ནས་ཕྱིར་ཕ་ཡུལ་གྱི་གྲུ་ག་རེ་རེར་འཛུལ་ཞིང་།དྲན་པས་བདག་ཏུ་བཟུང་མ་བཟུང་གི་ཕ་སའི་འཚོ་བའི་རི་མོ་རེ་རེ་འོས་འཚམ་ངང་ཡིག་འབྲུ་བརྒྱུད་ནས"སྣང་བརྙན"ཅན་དུ་བསྒྱུར་བ་ཡིན་ལ། ནམ་རྒྱུན་སྐབས་འདི་དག་ཏུ། ང་ནི་འཇིག་རྟེན་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན་པའི་ཚོར་སྣང་སྐྱེས་འོངས།   ངོ་མ་བཤད་ན། བརྩམས་སྒྲུང་འབྲི་རྒྱུ་ནི་ཐོག་མར་འཇུག་སླ་ཡང་རྗེས་ནས་རྒྱུན་སྐྱོང་དཀའ་བའི་ལས་ཀ་ཞིག་རེད་དེ། དེ་ལ་ལྷད་མེད་ཀྱི་དད་མོས་ཤིག་དགོས་ཀྱིན་འདུག ཁྱོད་ཀྱིས་ཅི་ནུས་ཀྱིས་བརྩམས་སྒྲུང་འབྲི་བའི་བྱང་ཚད་ལ་ཤུགས་སྣོན་དགོས་འདུག ཁྱོད་ཀྱིས་འཚོ་བའི་ཕུན་ཚོགས་ལ་ཟབ་འཇུག་བྱེད་དགོས་འདུག ཁྱོད་ཀྱིས་བརྩམས་སྒྲུང་འབྲི་བའི་གོ་རིམ་ཁྲོད་རང་ཉིད་ཀྱི་ཡར་ཐོན་ལ་བརྩོན་ལེན་བྱེད་དགོས་འདུག  གལ་ཏེ་ཁྱོད་ཀྱིས་རྙེད་གྲགས་ཙམ་གྱི་ཆེད་དུ་བརྩམས་སྒྲུང་འབྲི་བ་ཡིན་ཚེ། ད་ནི་མཚམས་ཞོག

 

  ༦ ཁྱེད་ལ་བྱ་དགའ་ཐོབ་པའི་སྐབས་ཀྱི་མྱོང་ཚོར་དང་། ཕ་ཡུལ་མི་དམངས་ཀྱིས་ཁྱེད་ལ་རྟེན་འབྲེལ་གཟབ་རྒྱས་གནང་སྐབས་ཀྱི་མྱོང་ཚོར་མདོར་བསྡུས་ཤིག་གསུངས་རོགས།

ལན། བྱ་དགའ་ཐོབ་པའི་མྱོང་ཚོར་ནི་དགའ་སྤྲོ་སྐྱེས་པ་དེ་རེད།  ཧ་ཧ་ཧ།   ཀུ་རེ་ཡིན་ལ་ཀུ་རེ་ཡང་མིན།  ཐེངས་འདིའི་འགྲན་ཞུགས་རྩོམ་པ་པོའི་ཁྲོད་དུ་ངས་མོས་གུས་བྱེད་སའི་རྩོམ་པ་པོ་ཡང་མང་པོ་འདུག་པས།  རང་ཉིད་ལ་ཆེས་མཐོའི་གཟེངས་རྟགས་འདི་ཐོབ་ཐུབ་པར་གདེང་ཚོད་ཅི་ཡང་མེད།  གང་ལྟར་མཇུག་མཐར་ཐོབ་སོང་བ་རེད།  ངས་སྙིང་ཐག་པ་ནས་ཐེངས་འདིའི་རྟ་མཆོག་བྱ་དགའི་དཔྱད་འདེམས་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཏེ།  ཁོ་ཚོས་ཧ་ཅང་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོའི་ཁྲོད་ནས་ངའི་བརྩམས་ཆོས་ལ་སྒེར་ཚུགས་ཀྱི་གོ་གནས་འདི་འདྲ་མཐོན་པོ་ཞིག་གནང་བར་གྱུར་བས་ཡིན།  ངོ་མ་བཤད་ན།  ལྟེ་ཁྲག་འཕོ་སའི་ཕ་ས་ནི་ངའི་བརྩམས་ཆོས་ཀྱི་འབྱུང་ཁུངས་ཡིན་ཞིང་།  ང་ཐོག་དང་པོར་ལམ་ལ་ཆས་ས་དང་།  ཆེས་མཐའ་མར་ཕྱིར་ལོག་སའང་ཡིན།  ཕ་ས་ལེབ་མོ་འདིའི་སྟེང་དུ་ངའི་ཆུང་བའི་དུས་ཀྱི་རྐང་རྗེས་དང་།  དགའ་བའི་དུས་ཀྱི་འཛུམ་མདངས། སྐྱོ་བའི་དུས་ཀྱི་མིག་ཆུ་འཐིམས་ཡོད་པས། ཕ་ཡུལ་གྱི་འཚོ་བས་ངའི་བརྩམས་ཆོས་ལ་གཞན་དང་མི་མཚུངས་པའི་ཚོན་མདངས་གསར་བ་ཞིག་དང་། ཐུན་མོང་མ་ཡིན་པའི་རོ་བཅུད་མངར་མོ་ཞིག་གནང་ཡོད་ཅིང་།  དཔྱད་འདེམས་པ་ལྷན་རྒྱས་ཀྱིས་ཀྱང་གནད་འདི་མཁྱེན་ནས།  ང་ལ་ངལ་བ་རྒྱུན་འཁྱོངས་བྱས་ཏེ་རང་ཉིད་ལ་དབང་བའི་རིན་ཐང་བྲལ་བའི་འཚོ་བ་འདི་གསོག་ཉར་གང་ལེགས་བྱས་ཤིང་།  རང་ཉིད་ལ་གཏོགས་པའི་གསར་རྩོམ་གྱི་བཤུལ་རིང་དུ་བསྐྱོད་པར་སྐུལ་ལྕག་གནང་བ་གདོན་མི་ཟ།    དེའི་རྐྱེན་གྱིས། ངས་ནམ་ཡང་མི་རེ་རེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཏེ།  ངས་ང་རང་གི་གསར་རྩོམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཡུལ་མི་སྤུན་ཟླ་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།  ངས་རང་ཉིད་ཀྱི་ཆེས་སྙིང་ཉེ་བའི་ཀློག་པ་པོ་ཡོངས་དང་རྩོམ་གྲོགས་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།  ངས་གཏན་ནས་གཏན་དུ་ཕ་མེས་ཀྱི་རྣམ་ཤེས་དང་རུས་རྐང་འཐིམས་ཡོད་པའི་ཕ་སའི་འཚོ་བ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ལྷག་པར་དུ་ངས་ཉིད་ཀྱི་ཕ་མ་ཉེ་དུ་དང་ནང་མི་སྤུན་ཟླ།  བཟའ་ཟླ་བུ་ཕྲུག་བཅས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཏེ།  ལོ་མང་པོའི་རིང་ལ།  ཁོ་ཚོས་ཁྱིམ་ལས་རྫོགས་མེད་ཀྱི་བྲེལ་ཟིང་ཀློང་ནས་ང་རང་དམིགས་སུ་བཀར་ཏེ།  བློ་སེམས་རྩེ་གཅིག་གིས་གསར་རྩོམ་གྱི་ལས་ལ་འཇུག་པའི་གོ་སྐབས་བཟང་བོ་དེ་བསྐྲུན་པ་ཡིན་པས།ངའི་དེ་རིང་གི་བྱ་དགའི་གཟེངས་རྟགས་འདིའི་ཕྱེད་ཀ་ཡང་ཁོ་ཚོ་ལ་དབང་བ་རེད་ཅེས་བཤད་ཀྱང་ཆོག     དེའི་རྐྱེན་གྱིས།  ངས་ནམ་ཡང་ཁྱེད་ཅག་གི་བཀའ་དྲིན་སྙིང་དུ་བཅངས་ཏེ། རང་བབས་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་ཀའི་ཐད་ནས་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་ངེས་ཡིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-23 ལྟ་ཀློག (6322)