ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་བྱ་འགུལ་སྤེལ་བ།

༄༅། །ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་བྱ་འགུལ་སྤེལ་བ།
                                                      དམངས་ཁྲོད་དུ་རིག་གནས་བཙལ།  ལག་ལེན་གྱིས་མངོན་འགྱུར་བྱས།

    སྤྱི་ལོ2016ལོའི་ཟླ11ཚེས21ཉིན་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་སློབ་གྲྭ་ཡོངས་ཀྱི་འགྲན་བསྡུར་ཆེན་པོ་ཞིག་སྤེལ།  དེ་ཡང་རང་རེ་གངས་ཅན་པའི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལ་བསྟན་ཡོད་རིག་གནས་དང་བསྟན་མེད་རིག་གནས་གཉིས་ཀ་ཡོད་ཅིང་། འདི་དག་ཀུན་ཀྱང་མེས་པོ་བཟོད་བརྩོན་དང་ཤེས་རབ་ཅན་རྣམས་ཀྱིས་ཤུལ་དུ་བཞག་པའི་རིན་ཐང་གཞལ་དུ་མེད་པའི་ཤེས་རིག་རྒྱ་མཚོ་ལྟ་བུའི་གྲུབ་ཆ་ཞིག་ཡིན་ཙ་ན། ངེད་ཅག་ལ་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འོས་འགན་ཅི་བས་ཆེ། ཡིད་ཤིན་ཏུ་ཕངས་པ་ནི་དེང་གི་ཆར་འདི་དག་དམངས་སྲོལ་ཙམ་དང་འཁྲབ་སྟོན་ཙམ་དུ་གྱུར་པ་དེ་ཡིན་ལ།  འདི་ལྟར་ཕྱིན་ཚེ་གདོན་མི་ཟ་བར་དུས་ ཡུན ཤིན་ཏུ་ཐུང་བའི་ནང་ལ་ཕུན་སུམ་ཚོགས་པའི་རིག་གནས་འདི་ཀུན་དངོས་མང་བཤམས་སྟོན་ཁང་དུ་གཏན་དུ་ངལ་གསོ་བྱེད་ངེས་སོ། །  འཇིགས་སུ་རུང་བའི་མཐའ་འབྲས་དེ་དང་། ཉམས་ཤིང་རྒུད་པའི་གནས་བབ་དེ་མི་འབྱུང་བའི་ཆེད་དུ། ལྷག་པར་ངེད་ཅག་ཐུན་མོང་ལ་འོས་སུ་བབ་པའི་བོད་རིག་པ་འཛིན་སྐྱོང་སྤེལ་གསུམ་ཞེས་པའི་དོན་ཆེན་འདི་ལ་བསམ་ཞིང་བསམ་ན། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་འདི་ཀུན་ཀྱང་སློབ་གྲྭ་སོ་སོར་འདྲེན་པ་འདི་ཐབས་ཀྱི་དམ་པར་མཐོང་སྟེ། འདི་ལྟར་བྱས་ན་དམངས་སྲོལ་རིག་གནས་ཐམས་ཅད་ལ་ཐམས་ཅད་དུ་ཚེ་སྲོག་གསར་བ་ཞིག་ཞུགས་པའི་ཕན་ནུས་ཡོད་པར་སྙམ།  རྒྱུ་མཚན་དེའི་ཕྱིར་ན། སློབ་གྲྭ་འདི་གའི་མགོ་ཁྲིད་རྣམས་ཀྱིས་རྒྱབ་སྐྱོར་གང་ལེགས་གནང་བ་ལ་བརྟེན་ནས་འཛིན་གྲྭ་སོ་སོའི་འཛིན་བདག་རྣམ་པས་རང་རང་སོ་སོའི་འཛིན་གྲྭ་ལ་གཞེན་སྐུལ་དང་སྤོབས་པ་བསྐྱེད། སློབ་མ་རྣམས་དང་རྡོག་རྩ་གཅིག་སྒྲིལ་གྱིས་དམངས་ཁྲོད་དུ་རིག་གནས་བཙལ་ཅིང་། རང་གི་ལག་ལེན་ལ་བརྟེན་ནས་མངོན་གྱུར་བྱས་པའི་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་བྱ་འགུལ་འདི་སྤེལ་ཐུབ་པ་བྱུང་།  འདི་ལ་འཛིན་གྲྭ་ངོ་སྤྲོད་དང་། དམངས་སྲོལ་རིག་གནས། ལྡེབས་རིས་སྒྱུ་རྩལ། ཉེར་མཁོའི་རེའུ་མིག སྒོ་སམ་ཇུས་འགོད་ཅེས་དོན་ཚན་ལྔ་ཡོད་ལ། ཐམས་ཅད་འཛིན་བདག་གིས་མཛུབ་སྟོན་དང་སློབ་མ་རང་རང་སོ་སོ་ནས་སློབ་སྦྱོང་བྱས་ཤིང་། རང་ཉིད་ཀྱིས་བརྩམས་པ་ཤ་སྟག་ཡིན། དེ་ལ་དངོས་གཞིའི་འགྲན་བསྡུར་གྱི་ཉིན་མོ་འདིར་སློབ་གྲྭའི་འཆར་ཅན་བཞིན་རྫོང་སློབ་གསོ་ལྟ་སྐུལ་ཁང་གི་རྒན་སྲིང་ཚེ་དང་། ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་ཧྲོང་བོ་ཚེ་བརྟན་རྒྱལ། རྫོང་རིག་གནས་ཅུའུའི་གཞས་གདངས་རྩོམ་པ་བོ་རྒན་སྙིང་རྩེ། རྫོང་སློབ་དཔྱོད་ཁང་གི་རྒན་རྟ་མགྲིན་ཐར། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུའི་རྒན་སྲས་མཆོག་ཡག་བཅས་དཔྱད་འདེམས་པར་གདན་དྲངས་པ་དང་། སློབ་གྲྭའི་མགོ་ཁྲིད་དང་གུང་གཞོན་ཚོགས་པའི་གཞུང་ལས་ཁང་གི་མི་སྣ་དག་འཛིན་གྲྭ་རེ་རེར་སོང་ནས་ལྟ་ཞིབ་བྱས།
འཛིན་གྲྭ་སོ་སོའི་ཁྱད་ཆོས་ནི་སློབ་མ་རྣམས་ཀྱི་ཤེས་བརྩོན་དང་། འཆར་སྒོ་ཐུན་མོང་མ་ཡིན་པ་རེ་རེའི་བསྡུས་གཟུགས་རེ་རེ་སྟེ། ངོ་བོ་གཅིག་ལ་རྣམ་པ་སྣ་ཚོགས་པའི་ཁྱད་ཆོས་དག་ལ་རེ་ཞིག་ཨང་རིམ་དགར་བ་ཡང་དཀའ་བའི་ཚོད་དུ་གནས། དེ་ཡང་ལྡེབས་རིས་སྒྱུ་རྩལ་དང་། རྡོ་རིས་སྒྱུ་རྩལ། ཡིག་རིས་སྒྱུ་རྩལ། ལག་བཟོས་བརྩམས་ཆོས། ཨ་རྩེ་དང་། ཞབས་བྲོ། གཏམ། བཤད་པ། བག་རེས། ཁ་ཤགས། གཏམ་དཔེ། ཁེད། གར་ཆུང་།  གླུ། བཏགས་པ། སྒྲུང་སོགས་ཕུན་སུམ་ཚོགས་པའི་མིག་གི་བདུད་རྩི་དང་རྣ་བའི་བུ་རམ་ལྟ་བུ་མང་བོ་བྱུང་།

མཐར་འགྲན་ཞུགས་ཚན་ཁག་གཉིས་ཀྱི་འཛིན་གྲྭ་ཉེར་བཞི་ལས་(དམའ་གསུམ་ཚན་ཁག་འགྲན་བསྡུར་ལ་མ་ཞུགས།) དམའ་གཉིས་ཚན་ཁག་གི་ལོ་རིམ་བརྒྱད་པའི་འཛིན་གྲྭ(5)དང་། ལོ་རིམ་བརྒྱད་པའི་འཛིན་གྲྭ(12)ལོ་རིམ་བརྒྱད་པའི་འཛིན་གྲྭ(1)ལོ་རིམ་བརྒྱད་པའི་འཛིན་གྲྭ(10)ལོ་རིམ་བརྒྱད་པའི་འཛིན་གྲྭ(6)བཅས་ལ་རིམ་བཞིན་ཨང་དང་བོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ།  དམའ་གཅིག་ཚན་ཁག་ལས་ལོ་རིམ་བདུན་པའི་འཛིན་གྲྭ(6)དང་། ལོ་རིམ་བདུན་པའི་འཛིན་གྲྭ(2) ལོ་རིམ་བདུན་པའི་འཛིན་གྲྭ(1) ལོ་རིམ་བདུན་པའི་འཛིན་གྲྭ(8) བཅས་ལ་རིམ་བཞིན་ཨང་དང་བོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ་བོ། །  བྱ་འགུལ་འདི་ནི་དམངས་ཁྲོད་དུ་རིག་གནས་བཙལ་ཅིང་། ལག་ལེན་གྱིས་མངོན་འགྱུར་བྱས་པ་ཞིག་ཡིན་ལ།  དཔེ་ཐོག་གི་གོ་བ་ཙམ་ཡང་མིན་པས་སློབ་མ་རྣམས་ལ་ཕན་སྐྱེད་དང་སྤྲོ་བ་གཞན་ལས་ཆེ། ལྷག་པར་འཛིན་བདག་དང་སློབ་མ་ཐུན་མོང་གི་འབད་བརྩོན་དང་བློ་གྲོས་ཀྱི་འབྲས་བུ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་འདོད་དོ།  །  2016.11.21ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་ཆོས་སྐྱོང་རྒྱལ་གྱིས་ཡུལ་དངོས་ནས་བྲིས།

དཔྱད་འདེམས་པ་དང་སློབ་གྲྭའི་འགོ་ཁྲིད་པས་གླེང་མོལ་གནང་བཞིན་པ།

མེས་པོའི་ཁྱད་ནོར།

ལྡེབས་རིས་སྒྱུ་རྩལ།

རྡོ་རིས་སྒྱུ་རྩལ།

སྦྲ་མཐའ་རུ་མིག་མངས་འགྲན་པ།

གར་ཆུང་འཁྲབ་བཞིན་པ།

བག་རེས་སློང་བ།

ཨ་རྩེད།

དཔྱད་ཅིང་འདེམས་པ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། ཆོས་སྐྱོང་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-23 ལྟ་ཀློག (3472)