བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ཁྲིན་ཏུའུ་རུ་འཚོག་བཞིན་པ།

བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ཁྲིན་ཏུའུ་རུ་འཚོག་བཞིན་པ། 

 རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ནི་༢༠༡༢ལོའི་ཟླ་༧ཚེས་༢༣ཉིན་བཙུགས་ཤིང་། རྔ་བ་ཁུལ་དམངས་སྲིད་ཅུས་ནས་དགོངས་ཁྲོལ་བྱུང་ཞིང་ཆེད་དམིགས་ཀྱིས་བོད་ཡུལ་སློབ་གསོར་ཞིབ་འཇུག་བྱེད་པའི་ཁེར་གཉེར་མིན་པའི་དམངས་ཁྲོད་ལས་ཁུངས་ཤིག་ཡིན།

 འདིའི་ལས་ཀ་གཙོ་བོ་ནི། བོད་ཡུལ་སློབ་གསོ་ཞིབ་འཇུག་བྱ་ཡུལ་གཙོར་བཟུང་ནས་དུས་དེབ་《བོད་ཡུལ་སློབ་གསོ་ཞིབ་འཇུག》ལོ་རེ་བཞིན་བོད་ཡིག་དང་རྒྱ་ཡིག་གི་དེབ་རེ་བསྐྲུན་རྒྱུ་དང་གཅིག སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་ནས་བོད་ཡུལ་སློབ་གསོ་སྤེལ་སྐོར་གྱི་མཉམ་མྱོང་སྤེལ་རེས་དང་རིགས་གཞུང་བགྲོ་གླེང་གི་ཚོགས་འདུ་འཚོག་རྒྱུ། དཔྱད་གཞི་ཞིབ་འཇུག་བྱེད་རྒྱུ་དང་གཉིས། ནང་ལོགས་ཀྱི་སློབ་གསོ་ཞིབ་འཇུག་ཐད་ཀྱི་ཆེད་མཁས་གདན་དྲངས་ནས་འཆད་འཁྲིད་བྱེད་པ་དང་གསུམ། བོད་ཡུལ་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ལ་ཇུས་འདིང་བློ་འདོན་བྱེད་རྒྱུ་དང་བཞི། སྐད་གཉིས་དང་སྐད་གཉིས་སློབ་གསོ། སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་དང་ལྔའོ། །

  ལས་ཁུངས་འདིར་རྒྱུན་འདུག་ལས་བྱེད་མི་སྣ་གསུམ་ཡོད། ཞིབ་འཇུག་བྱེད་མི་ལས་ཞོར་ཞིབ་འཇུག་པ་དང་ཆེད་བཀུག་ཞིབ་འཇུག་པ་གཉིས་སུ་དབྱེ། རྔ་བ་ཁུལ་གྱི་བོད་ཡིག་སློབ་འབྲིང་དང་སློབ་ཆུང་གི་དགེ་རྒན་དང་སློབ་གསོ་ཞིབ་འཇུག་པ། འགོ་ཁྲིད་དང་སྤྱི་ཚོགས་མི་སྣ་དག་ལས་ཞོར་ཞིབ་འཇུག་པ་ཡིན་ཞིང་། རྔ་བ་ཁུལ་ལས་འདས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་སློབ་འབྲིང་གི་དགེ་རྒན། སྤྱི་ཚོགས་ཀྱི་མི་སྣ་ནི་ཆེད་བཀུག་ཞིབ་འཇུག་པ་ཡིན། ངེད་ཞིབ་འཇུག་ལྟེ་གནས་འདི་དམངས་ཁྲོད་ལས་ཁུངས་ཤིག་ཡིན་པས། དངུལ་གྱི་འགྲོ་སོང་ཐམས་ཅད་སྤྱི་ཚོགས་ཀྱི་མི་སྣ་དང་ཚོགས་པའི་རོགས་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན།

  ལས་ཁུངས་འདིའི་དངུལ་གྱི་འགྲོ་སོང་ཐམས་ཅད་རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་སྐོར་གྱི་འགྲིག་ལམ་དང་མ་འགལ་བར་བདག་གཉེར་དང་ཞིབ་བཤེར་བྱེད་པ་མ་ཟད། ལོ་ལྟར་དངུལ་རོགས་སྐྱོར་བྱེད་མི་ལ་དངུལ་གྱི་འགྲོ་སོང་སྐོར་སྦ་གསང་མེད་པར་སྙན་ཞུ་བྱེད་ཀྱི་ཡོད་པ་ཤེས་པར་བྱའོ། །


  ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ནི་ཟླ་འདིའི་ཚེས་༡༩ཉིན་ནས་ཁྲིན་ཏུའུ་རུ་འཚོག་མགོ་བརྩམས་ཤིང་། ཁྱོན་བསྡོམས་ཉིན་གསུམ་ལ་འཚོག་འཆར་རེད། ད་རེབ་ཀྱི་ཚོགས་ཞུགས་མི་སྣའི་ཐད་ལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སློབ་གསོ་ཆེད་མཁས་པ་དང་། ཞིབ་འཇུག་པ། བྱིས་སྐྱོང་གླིང་གི་སློབ་གཙོ་སོགས་ཁྱོན་བསྡོམས་མི་བརྒྱ་ལྷག་གདན་འདྲེན་ཞུས་ཡོད་ལ། སོ་སོའི་ངོས་ནས་སྔོན་འགྲོའི་སློབ་གསོའི་ཐད་ལ་༼学前教育༽དབྱེ་ཞིབ་དང་ཉམས་མྱོང་ཟབ་པའི་བགྲོ་གླེང་གྱ་ནོམ་པ་གནང་བཞིན་འདུག




                གསར་འགྱུར་མཁོ་སྤྲོད་པ་རང་རེའི་དྲ་བའི་གསར་འགོད་པ་སེར་སྐོར་འཇམ་ཚེ་ཡིན། 


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-11-21 ལྟ་ཀློག (3758)