ས་སྐྱ་བའི་བཙུན་མའི་དཔྱད་གླེང་ཐེངས་བཞི་བའི་གལ་གནད་བསྡུས་འཕྲིན།

 ༈དཔལ་ལྡན་ས་སྐྱ་བའི་བཙུན་མའི་དཔྱད་གླེང་ཆེན་མོ་ཐེངས་བཞི་བ་ཁམས་ཡུལ་ཤུལ་ནང་ཆེན་རྟ་གསར་དགོན་གནས་བརྒྱ་མ་བཙུན་མའི་ནང་བསྟན་སློབ་གླིང་དུ་གཟབ་རྒྱས་ངང་འཚོགས།

གསར་འགོད་པ། གླིང་རུ་བསམ་འགྲུབ་ཚེ་རིང་།


     སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ་༡༡ པའི་ཚེས་  ༡༠ཉིན་དབུ་བཟུང་སྟེ་དཔལ་ལྡན་ས་སྐྱ་བའི་བཙུན་མའི་དཔྱད་གླེང་ཆེན་མོ་ཐེངས་བཞི་བ་ཁམས་ཡུལ་ཤུལ་ནང་ཆེན་རྟ་གསར་དགོན་གནས་བརྒྱ་མ་བཙུན་མའི་ནང་བསྟན་སློབ་གླིང་དུ་དངོས་སུ་འཚོགས།

    དཔལ་ལྡན་ས་སྐྱ་བའི་བཙུན་མའི་དཔྱད་གླེང་ཆེན་མོ་འདི་ནི་ཚད་མའི་རིགས་ལམ་ལྟར་ལུང་རིགས་ཀྱི་བརྒལ་བརྟག་གི་སྒོ་ནས་གཞུང་དོན་ལ་དཔྱད་གླེང་བྱེད་པའི་ཚོགས་ཆེན་ཞིག་ཡིན་ལ། ཐེངས་བཞི་བ་ཡན་ཉི་ཡག་དགོན་གཞུང་དང་མཆོད་སྡེས་སྦྱིན་བདག་མཛད་དེ་ཉི་ཡག་བཙུན་དགོན་དུ་འཚོགས་ཡོད།

     ད་ལོར་སྐབས་བཞི་བའི་དཔྱད་གླེང་གངས་ལྗོངས་བཙུན་མའི་བགྲོ་གླེང་ཐེངས་གཉིས་པ་འཚོགས་ཡུལ། མདོ་ཁམས་གནས་ཆེན་ཉེར་ལྔའི་འདབས་ཞོལ་དུ་ཆགས་པའི་རྟ་གསར་དགོན་བཙུན་མའི་ནང་བསྟན་སློབ་གླིང་དུ་སྔར་ལས་ཕུན་སུམ་ཚོགས་པའི་ངང་ཉིན་ལྔའི་རིང་འཚོགས་ནས་སྤྱི་ཚེས་བཅོ་ལྔའི་ཕྱི་དྲོར་མཇུག་ལེགས་པར་གྲོལ།

     ད་ལོར་ས་པཎ་གྱི་ཚད་མ་རིགས་གཏེར་དང་། གོ་རམས་པའི་དབུ་མ་ལྟ་བ་ངན་སེལ་གཞིར་བཞག་སྟེ་དབུ་ཚད་གཉིས་ལ་ཚོགས་ཞུགས་དགོན་ཁག་སོ་སོས་བཙུན་མས་དམ་བཅའ་དང་རྩོད་པ་གནང་ཡོད། ཐེངས་འདིར་ཁམས་སྟོད་སྐྱེ་རྒུ་བཙུན་དགོན་དང་། ཉི་ཡག་བཙུན་དགོན། ཙོང་མདའ་བཙུན་དགོན། རྟ་གསར་དགོན་གནས་བརྒྱ་མ་བཙུན་མའི་ནང་བསྟན་སློབ་གླིང་སོགས་ཀྱི་བཙུན་མ་སློབ་གཉེར་བ་བརྒྱ་ལྷག་དཔྱད་གླེང་ཆེན་མོར་ཞུགས་ཤིང་། སྤོབས་པ་དང་། རྣམ་དཔྱོད། གཞུང་དོན་བཅས་ལ་ཡར་རྒྱས་འགྲོ་ངེས་ཀྱི་ཧུར་བརྩོན་མཛད། གཞན་ནང་ཆེན་ས་སྐྱ་སྤྱི་དགོན་གྱི་བསྟན་བདག །སྡེ་དགེ་དཔལ་སྤུངས་བཤད་གྲྭའི་མཁན་པོ་མཆོག་སྤྲུལ་མཁས་དབང་སྒྲུབ་བརྟན་དང་། རྟ་གསར་དགོན་གྱི་བསྟན་བདག་བླ་མ་རིན་པོ་ཆེ་འཇམ་དབྱངས། གནས་དགོན་བཙུན་མའི་སློབ་གླིང་གི་མཁན་པོ་དཀོན་མཆོག་དབང་རྒྱལ། ཉི་ཡག་བཙུན་དགོན་གྱི་བསྟན་བདག་མཁན་པོ་འཇམ་དཔལ་ཡེ་ཤེས་གཙོ་བོར་གྱུར་པའི་བླ་སྤྲུལ་མཁན་པོ་ཡང་མང་དུ་ཕེབས་ཏེ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཆོས་ཚོགས་འདི་དང་བཙུན་མ་སློབ་གཉེར་བ་ཡོངས་ལ་སེམས་ཤུགས་དང་རྒྱབ་སྐྱོར་ཆེན་པོ་གནང་། ཚོགས་ཞུགས་བཙུན་མ་དག་གི་རྩོད་པའི་ཉམས་དང་། རིགས་པའི་རྣོ་སོ། གཞུང་གི་གོ་བ། དམ་བཅའ་བས་ལན་གནང་སྟངས་སོགས་ལ་སྐབས་སྔོན་མ་དག་དང་བསྡུར་ན་ཡར་རྒྱས་ངོམ་དུ་རི་བ་བྱུང་ཡོད་པར་མ་ཟད། མ་འོངས་པར་དཔྱད་གླེང་འདི་མུ་མཐུད་རྒྱུན་སྐྱོང་བ་ལ་ཡང་རེ་བ་དང་སྤོབས་པ་ཆེན་པོ་ཐོབ་ཡོད་འདུག །


ཉི་ཡག་བཙུན་དགོན་གྱི་བཙུན་མ་སློབ་གཉེར་བ་འགས་རྟགས་གསལ་གཏོང་བཞིན་པ།


དམ་བཅའ་ཆེན་མོར་བཞུགས་པའི་བཙུན་མ་འགའ།


གནས་དགོན་བཙུན་མའི་སློབ་གླིང་གི་ཚད་མ་འཛིན་གྲྭའི་སློབ་གཉེར་བ་འགས་ཚད་མའི་རྟགས་གསལ་གཏོང་བཞིན་པ།


དབུ་མའི་གཏན་ཚིགས་ལ་ལུང་རིགས་ཀྱི་རྣོ་སོ་འགྲན་པའི་བཙུན་མ་སློབ་གཉེར་བ།


ལོ་ན་གཞོན་ཞིང་སློབ་གཉེར་ལ་གཅིག་ཏུ་དུང་བའི་བཙུན་ཆུང་མ་འགས་ཚད་མའི་རྟགས་གསལ་གཏོང་བཞིན་པ།


བཙུན་མ་རྟགས་གསལ་བའི་གཟི་ཉམས།


བཙུན་མ་རྟགས་གསལ་བའི་གཟི་ཉམས།


བཙུན་མ་རྟགས་གསལ་བའི་གཟི་ཉམས།


བཙུན་མ་རྟགས་གསལ་བའི་གཟི་ཉམས།


མཆོག་སྤྲུལ་འཇམ་དབྱངས་རིན་པོ་ཆེས་ཕྱོགས་སོ་སོ་ནས་ཕེབས་པའི་ཚོགས་ཞུགས་བཙུན་མ་དག་ལ་བཀའ་སློབ་གནང་བཞིན་པ།


གནས་རིར་སྐོར་བ་མཛད་ཅིང་ཆོས་ཚོགས་ཀྱི་མཇུག་བསྡུས།


ཚོགས་ཞུགས་མཁན་སྤྲུལ་བཙུན་མ་ཡོངས་ཀྱི་དགྱེས་འཛོམས་བརྙན་པར།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-11-16 ལྟ་ཀློག (6493)