ཤེས་རིག་སློབ་གླིང་གི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་བདམས་བཀོད།



མ་ཡུམ་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་བདམས་བཀོད།


ཕྱིར་དྲན་ཀློང་གི་མཛེས་པ།

 

ལོ་གཞོན་ལང་ཚོའི་མཛེས་སྡུག་སྐུ་ལ་རིན་ཆེན་ཤེས་བྱའི་རྒྱན་མང་འཆང་། །

རིག་པའི་བུ་ཕྲུག་སྟོང་གི་ཁ་ལ་བཅུད་འཛོམས་ཟས་ཀྱི་རྒྱགས་ཕྱེ་བསྩལ། །

ཕངས་མེད་བྱམས་པའི་གོ་ཆ་བགོས་ནས་དྭངས་གཙང་ཤེས་བྱའི་སྒོ་མོ་བསྲུང་། །

འཇིགས་མེད་ཐུགས་བསྐྱེད་འོ་མཚོ་ལས་འཁྲུངས་མ་ཡུམ་ལྷ་མོ་རྒྱལ་གྱུར་ཅིག །

 

འཇི༵གས་རུང་འཁོར་བའི་མྱ་ངམ་ཐང་ན་མ་རིག་རླུང་གིས་ཁུར་བའི་བུར། །

སྔར་མེད༵་འོད་ཀྱི་སྣང་བ་བསྩལ་ཞིང་སྤོབས་པའི་རླུང་གི་གཤོག་པ་བཙུགས། །

མཐོ་བའི་རྒྱལ༵་ཐབས་བདེ་བར་ཟིན་ལ་ཉམས་རྟོགས་རྗེན་པའི་གདེངས་བསྩལ་བས། །

རིགས་པའི་རྒྱུ་མཚ༵ན་བདེན་པར་སྟོན་པའི་བྱ་ཁྱུ་དཀར་བོས་མཁའ་དབྱིངས་ཁྱབ། །

 

ཤེས༵་བྱའི་ཐང་ཆེན་བློ་ཡིས་གཞལ་བའི་རིགས་ཞེན་བུ་ཡི་མདུན་ལྗོངས་རིག༵ །

རིག༵་པའི་རྒྱ་མཚོ་བློ་ཡིས་བརྒལ་ཏེ་བཅུ་ཕྲག་རིན་ཆེན་ཤེས་བྱའི་ནོར༵། །

ནོར༵་ལུག་འཚོ་སྐྱོང་ལས་ཀྱིས་མནར་བའི་ཁ་བའི་རྗེས་རབས་སྐྱོང་བའི་བུར༵། །

བུ༵་རྒྱུད་གཙང་མའི་བདག་པོ་མཛོད་ཅེས་ལེགས་པར་བསྩལ་འདི་རིན་ཆེན་གླིང༵་། །

 

གཡོ་ཟོལ་དུག་གི་ཚེར་མའི་ལམ་ནས་སྙིགས་མར་དོར་བའི་མི་རབས་ཤིག །

ལྷག་བསམ་དར་གྱིས་བྱི་དོར་མཛད་དེ་དུས་རབས་ཤིག་གི་ལམ་སྣེར་དྲངས། །

གནའ་དེང་ཤེས་བྱའི་སྒོ་བརྒྱ་ཕྱེས་ནས་གང་ཐོབ་ནོར་གྱི་སྐལ་བསྩལ་བས། །

བུ་སློབ་མཐུན་པའི་ལག་རྡང་དམ་པོ་དབང་སྔོན་མཁའ་ཡི་མཐའ་རུ་ཁྱབ། །

 

དུས་མཐའི་ལྟ་ངན་སྨག་རུམ་ཀློང་ན་ཐན་སྒྲོག་འབྱུང་བྱའི་ཀི་འབོད་ཀྱིས། །

མ་དག་བྱིས་བློར་འཁྲུལ་སྣང་སློང་ཞིང་ལོག་པའི་གཡང་ལ་འཁྱེར་བའི་དུས། །

རེ་འབོད་སྐྱ་རེངས་འོད་ཀྱི་སྣང་བས་ལོག་སྤྱོད་སྣང་བ་ཡོངས་བཅོམ་ནས། །

བཅུ་ཕྲག་ཤེས་བྱའི་འོད་ཀྱི་དཀྱིལ་འཁོར་ཀུན་གསལ་ལྷ་ལམ་ཁྱོན་ལ་དྲངས། །

 

ཉེར་གཉིས་བགྲང་བྱའི་ལང་ཚོའི་དཔལ་ཡོན་བློ་ཡིས་བསམ་ན་ཐུང་ཐུང་ཞིག །

ལྷག་བསམ་རིག་པའི་ཆུ་ཐིགས་གཏོར་བཞིན་སོར་རྩེར་བགྲང་ན་རིང་བོ་ཞིག །

མ་ཡུམ་དགྱེས་པའི་མཚར་སྡུག་བཞིན་དཔལ་ཉམས་པ་མེད་པའི་མཛེས་སྡུག་འདིས། །

བུ་ངའི་དྲན་འཛིན་སྣང་བའི་རི་མོ་ཡལ་མེད་སྤྲོ་དགའི་གདོང་ལ་འཛུམ ། །

 

མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཉིས་འཁོར་བའི་འཁྲུངས་སྐར་ལ་སྐལ་ལྡན་སློབ་བུ་ཡོངས་ཀྱི་གྲལ་མཐའ་བ་ཁྲི་ལྗོན་བཟང་དུ་འབོད་པས་བཀྲ་ཤིས་རྟེན་འབྲེལ་བསུ་བའི་ལེགས་སྐྱེས་ཙམ་གྱི་ཕྱིར་དུ་སྤྱི་ལོ་༢༠༡༦/༡༡/༡༥ནངས་མོར་ཕུལ་བ་དགེ་གྱུར་ཅིག



བསྟོད་ཚིག་ངག་གི་མཆོད་པ།

 

---མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

དབྱངས་ཀྱི་རྫི་བོ།

སྙིང་སྟོབས་གངས་དཀར་གྱི་རི་ལ། །

བརྩེ་བའི་འོ་མཚོ་ཞིག་འཁྱིལ་ཞིང་། ། 

རང་རིགས་སྐྱོང་མཛད་ཀྱི་དཔའ་བོ། །

སློབ་དཔོན་འཇིགས་མེད་ཁོང་བསྟོད་དོ། །

 

མཁྱེན་རྒྱ་དཔག་ཚད་ལས་འདས་ཤིང་། །

ལྔ་རིག་གཞུང་ལུགས་ལ་སོན་པའི། །

མུན་ནག་འཇིག་རྟེན་གྱི་སྣང་བྱེད། །

སློབ་དཔོན་ཚུལ་ཁྲིམས་ཁོང་མཁྱེན་ནོ། །

 

བརྩོན་པ་ཆུ་བོ་ལྟར་རིང་ལ། །

རྣམ་དཔྱོད་མཁའ་མཐའ་ལས་ཡངས་ཤིང་། །

རིག་ལྡན་གངས་དཀར་གྱི་རྒྱལ་སྲས། །

སློབ་དཔོན་ཡོན་ཏན་ཁོང་བསྟོད་དོ། །

 

དཔའ་བོའི་རྔུལ་ཁྲག་ལས་གྲུབ་ཅིང་། །

གནའ་དེང་ཟུང་འབྲེལ་གྱི་དྭངས་མ། །

མ་ཉམས་གོང་འཕེལ་གྱི་དོ་ར། །          

ཤེས་རིག་སློབ་གླིང་དེ་བསྟོད་དོ། །

 

    2016/11/15

སྐབས་ཉེར་གཉིས་པའི་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བ།   

 

བཀྲ་ཤིས་ཉིན་བཟང་མཁའ་ནས་ཤར་བའི་བདེ་ལེགས་སྐྱིད་པའི་གཡང་གཞིས་ཁྲ་མོའི་གུར་ཁྱིམ་ནས།།

ཕ་དང་ཨ་ཁུའི་ཚེ་ཐག་རིང་བའི་ཁ་གཡང་སྒྲོག་པའི་གླུ་དང་གཞས་ཀྱིས་དགའ་སྟོན་་ཤོམས་ལ།།  

དཔའ་བོ་སྟོང་གིས་ཤུལ་ནས་འབར་བའི་བླ་རི་སྨུག་པོར་སྙིང་སྟོབས་སྟོང་གིས་སྒྲོན་མེ་མཆོད་བཞིན།།

འཕུར་ཡ་འཕུར་ཡ་རྟ་མཆོག་རྒོད་པོའི་བང་རྩལ་གྱི་ལེར་རྒོད་པོ་ཟུང་གིས་རྩལ་དྲུག་ངོམ་ཡ།།     

དགོད་ཡ་དགོད་ཡ་མཐུན་པ་སྤུན་བཞིའི་བརྩེ་འཛུམ་ཉི་ལེར་སྤུན་དང་ན་ཟླ་སྤྲོ་བཞིན་དགོད་ཨང་།།   

ཞེས་སློབ་བུ་བསྟན་འཛིན་རྒྱ་མཚོས་༢༠༡༦-༡༡-༡༥ཞོགས་པར་པེ་ཅིང་ནས་ཕུལ།

ཤིས་ཚིག  

        ངོ་མཚར་མིག་གི་དགའ་སྟོན།

 རྨ་ཀློང་ཁུགས་པ་གཉིས་པའི་གཡས་ཟུར་ན། །

ཤེས་རིག་སྟོང་གིས་ཕྱུག་པའི་སྐྱེད་ཚལ་དུ། །

ལང་ཚོའི་མྱུ་གུ་འབུས་པའི་སྟག་ཤར་འགས། །

དགོད་སྒྲའི་རྒྱུད་མངས་དཀྲོལ་ཏེ་དབྱངས་ལ་ཐིམ། །

  

ལེགས་བཤད་ཚན་ཁ་འབར་བའི་ཤེས་རིག་གླིང་། །

འཁྲུངས་སྐར་རིག་པའི་དོ་ར་ཁྱད་མཚར་བའི། །

འཇིགས་མེད་བོད་ཕྲུག་རུ་དཔུང་ཨེ་མ་རྨད། །

ངོ་མཚར་མིག་གི་དགའ་སྟོན་འདི་ན་གདའ། །

 

དཀའ་སྡུག་འབུམ་ཕྲག་མང་བོ་ཐོད་ལ་བཏེགས་ནས། །

དུག་རླུང་དུས་ཀྱི་རྒུད་པ་ཁེད་ཀྱིས་བརྒལ་ཏེ། །

རེ་བའི་རྔུལ་ཆུའི་ཐིགས་འཕྲེང་ས་ལ་འཕུས་པས། །

འཁྲུངས་སྐར་ཉེར་གཉིས་པ་ཡི་སྙེ་མ་འབུས་སོང་། །

 

འདས་པའི་ལོ་ཟླ་མང་བོ་ཤུལ་དུ་བཞག་ནས། །

དེ་རིང་བསྐལ་བཟང་ཉིན་མོ་ལྗོངས་འདིར་བསུས་ཏེ། །

མ་འོངས་བདེ་སྐྱིད་དུང་ཟླའི་འོད་ལ་འཇུས་པའི། །

མ་ཡུམ་རྟག་བརྟན་མི་འགྱུར་ཚེ་རིང་ལོ་བརྒྱ། །

 

རྒྱལ་མཚན་གདུགས་ཀྱི་བ་དན་ལྷབ་ལྷབ་གཡོས་ནས། །

འཁོར་ལོ་གསེར་གྱི་དཔལ་བེའུ་མཛེས་པ་རྫོགས་ཏེ། །

གཡས་འཁྱིལ་དུང་སྒྲའི་བུམ་བཟང་བདུད་རྩི་བསྙིལ་བ། །

གསེར་ཟུང་ཉ་ཡིས་རྩེད་འཇོ་པདྨའི་བརྒྱན་སོང་། །

 

༢༠༡༦.༡༡.༡༥ ཉིན་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།


སྐབས་བཅུ་དགུ་བའི་མཐར་ཕྱིན་དང་བོའི་རྡོ་རྗེ་གཅོད་པས།

 

བཀྲ་ཤིས་རྟེན་འབྲེལ་ཟླ་བ་དགོང་ནས་ཤར།།

བདེ་ལེགས་ཀུན་འབྱུང་པདྨོ་ས་ལ་བཞད།།

སུམ་འཛོམས་མ་ཡུམ་སློབ་གླིང་ཡིད་ལ་འཛུམ།།

བཀྲ་ཤིས་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།

སྐབས་ཉེར་གཉིས་པའི་མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ལ་གུས་ཕུལ།

སློབ་བུ་བློ་བཟང་ལྷུན་གྲུབ་ཀྱིས་མཚོ་སྔོན་ནང་བསྟན་སློབ་གླིང་ནས་ཕུལ།

 

བསྟོད་ཚིག་ངག་གི་མཆོད་པ།

 

            ---མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

                                    དབྱངས་ཀྱི་རྫི་བོ།

སྙིང་སྟོབས་གངས་དཀར་གྱི་རི་ལ། །

བརྩེ་བའི་འོ་མཚོ་ཞིག་འཁྱིལ་ཞིང་། ། 

རང་རིགས་སྐྱོང་མཛད་ཀྱི་དཔའ་བོ། །

སློབ་དཔོན་འཇིགས་མེད་ཁོང་བསྟོད་དོ། །

 

མཁྱེན་རྒྱ་དཔག་ཚད་ལས་འདས་ཤིང་། །

ལྔ་རིག་གཞུང་ལུགས་ལ་སོན་པའི། །

མུན་ནག་འཇིག་རྟེན་གྱི་སྣང་བྱེད། །

སློབ་དཔོན་ཚུལ་ཁྲིམས་ཁོང་མཁྱེན་ནོ། །

 

བརྩོན་པ་ཆུ་བོ་ལྟར་རིང་ལ། །

རྣམ་དཔྱོད་མཁའ་མཐའ་ལས་ཡངས་ཤིང་། །

རིག་ལྡན་གངས་དཀར་གྱི་རྒྱལ་སྲས། །

སློབ་དཔོན་ཡོན་ཏན་ཁོང་བསྟོད་དོ། །

 

དཔའ་བོའི་རྔུལ་ཁྲག་ལས་གྲུབ་ཅིང་། །

གནའ་དེང་ཟུང་འབྲེལ་གྱི་དྭངས་མ། །

མ་ཉམས་གོང་འཕེལ་གྱི་དོ་ར། །          

ཤེས་རིག་སློབ་གླིང་དེ་བསྟོད་དོ། །

2016/11/15

  མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ན་སློབ་གཉེར་བྱེད་བཞིན་པའིམ་ཡུམ་གངས་ལྗོངས་ཤེ་རིག་ནོར་བུའི་སློབ་གླིང་གི་སྐབས་དང་པོའི་མཐར་ཕྱིན་སློབ་མ་སྐལ་བཟང་ལུང་རྟོགས། སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་འོད་ལྡན།  སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་རྭ་རྒྱ་འཇམ་དབྱངས། སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་མ་རྭ་རྒྱ་ཤེས་རབ་བཟང་པོ། སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་པོའི་སློབ་མ་གཙང་སྐོར་འཇམ་དཔལ་རྒྱ་མཚོ།སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་བློ་བཟང་ལྷུན་འགྲུབ།སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་འཇམ་དབྱངས་ཆོས་འཕེལ་བཅས་ཀྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བཞིན་ཡོད།

 

སྐབས་ཉེར་གཉིས་པའི་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བ།   

 

བཀྲ་ཤིས་ཉིན་བཟང་མཁའ་ནས་ཤར་བའི་བདེ་ལེགས་སྐྱིད་པའི་གཡང་གཞིས་ཁྲ་མོའི་གུར་ཁྱིམ་ནས།།

ཕ་དང་ཨ་ཁུའི་ཚེ་ཐག་རིང་བའི་ཁ་གཡང་སྒྲོག་པའི་གླུ་དང་གཞས་ཀྱིས་དགའ་སྟོན་་ཤོམས་ལ།།  

དཔའ་བོ་སྟོང་གིས་ཤུལ་ནས་འབར་བའི་བླ་རི་སྨུག་པོར་སྙིང་སྟོབས་སྟོང་གིས་སྒྲོན་མེ་མཆོད་བཞིན།།

འཕུར་ཡ་འཕུར་ཡ་རྟ་མཆོག་རྒོད་པོའི་བང་རྩལ་གྱི་ལེར་རྒོད་པོ་ཟུང་གིས་རྩལ་དྲུག་ངོམ་ཡ།།     

དགོད་ཡ་དགོད་ཡ་མཐུན་པ་སྤུན་བཞིའི་བརྩེ་འཛུམ་ཉི་ལེར་སྤུན་དང་ན་ཟླ་སྤྲོ་བཞིན་དགོད་ཨང་།།   

ཞེས་སློབ་བུ་བསྟན་འཛིན་རྒྱ་མཚོས་༢༠༡༦-༡༡-༡༥ཞོགས་པར་པེ་ཅིང་ནས་ཕུལ།

 

འཇིགས་མེད་སེང་ཆེན་གླལ་བའི་གད་རྒྱངས་ཀྱིས།།

སྤྲེའུ་སྲིན་རིགས་རྒྱུད་རྒོད་པོ་གཉིད་ལས་བསླངས།།

ཤེས་རིག་ནོར་བུའི་མར་མེ་རྐང་གཅིག་གིས།།

རྨོངས་བའི་རྒུད་པ་གསོ་བའི་འཛུམ་ཟེར་རྒྱས།།

  

    མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ཉེར་གཉིས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དགེ་སློབ་ཀུན་གྱི་ཐུགས་བཞེད་མཐའ་དག་གེག་མེད་འགྲུབ་ཅིང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས།

སྐབས་བཅོ་ལྔ་བའི་མཐར་ཕྱིན། ཨ་གནམ་རྡོ་རྗེ་རབ་བརྟན་གྱིས་མ་ཡུམ་སློབ་གླིང་གི་འཁྲུངས་སྐར༢༢པར།  ཨ་རི་ནས་གུས་ཕུལ། 

  མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ཉེར་གཉིས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དགེ་སློབ་ཀུན་གྱི་ཐུགས་བཞེད་མཐའ་དག་གེག་མེད་འགྲུབ་ཅིང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་ཞེས།  རྒྱ་ནག་རྒྱལ་ས་པེ་ཅིན་ནས་་སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་མ་འཕགས་སྐྱེས་དང་མཚོ་སྐྱེས་རྡོ་རྗེ།  ཨ་རིག་སྨོན་ལམ།  ཡེ་ཤེས་རྡོ་རྗེ་བཅས་ཀྱིས་གུས་ཕུལ།

མ་ཡུམ་སློབ་གྲྭ་དང་དགེ་རྒན་རྣམ་པར་རྟེན་འབྲེལ་ཞུ།

 རྩེ་དིག་སྙན། རྨ་ལྷོ།

 

སྐྱབས་གསུམ་བླ་མ་སྤྱི་བོ་རྒྱན་ཏུ་བཞུགས།།

ཡི་དམ་ལྷ་ཡི་བྱིན་རླབས་སྲུང་བར་མཛོད།།

དམ་ཆོས་བདུད་རྩི་གནང་བའི་དྲིན་ཅན་རྗེ།།

མཆོག་ཐུན་དངོས་གྲུབ་འདི་ཕྱི་གཉིས་ནས་སྩོལ།།

 

སྤྲིན་ཕུང་ལང་ལོང་གཡོ་བའི་དབུ་རྩེ་ན།།

རླབས་ཕྲེང་མཁའ་ལ་འཕྱོ་བ་ཆར་གྱི་རྒྱུན།།

སེམས་ཤོར་འཕྲིན་པ་དམར་པོའི་ཕྱི་ནང་གི།

གཅེས་སུ་འོས་པའི་ཡིག་ཆུང་སྙིང་ལ་རྗེ།།

 

མི་ཚེ་རླུང་ལ་བསྐུར་བའི་འཇིག་རྟེན་དུ།།

བཙའ་དང་གཡའ་ཡི་ཟིན་པའི་ཁོར་ཡུག་ནས།།

མི་ཡི་སྤྱོད་བཟང་གླེང་བའི་དག་ཞིང་སྟེ།།

མ་ཡུམ་རྭ་རྒྱའི་ཤེས་རིག་གླིང་ཀ་དྲན།།

 

ནམ་ཡང་མི་རིགས་བླ་དང་སྲོག་གི་ཆེད།།

དུས་རྒྱུན་ཕ་མེས་སྲོལ་བཟང་དར་སྤེལ་སླད།།

སྐུ་ཚེ་གང་ལ་གངས་རིའི་ལུང་པ་ནས།།

མཛད་པ་སྐྱོང་མཁས་འཇིགས་མེད་རྒྱལ་མཚན་དྲན།།

 

ངྷི་སྐད་ཐལ་སྒྲས་གཤོག་ཟུང་མ་ལྷོད་ཅིང་།།

བསླབ་པ་གསུམ་འཛིན་ལྔ་རིག་སྨྲ་བའི་མཆོག།

རྨད་བྱུང་དམ་པའི་རྣམ་ཐར་སྐྱོང་མཛད་པ།།

རིག་པའི་ཁྱུ་མཆོག་མཛྲ་ཚུལ་ཁྲིམས་དྲན།།

 

སྙན་ངག་ལ་དུང་སྙན་པ་ཕྱོགས་བཅུར་ཁྱབ།།

གསུང་གི་བཞུར་རྒྱུན་ཁ་བའི་ལྗོངས་ལ་བབས།།

མན་ངག་ཟབ་མོ་གནང་མཁས་ངག་རིག་པ།།

བཀའ་དྲིན་མཚུངས་མེད་སློབ་དཔོན་ལྡོང་ཡོན་དྲན།།

 

ངེད་ཅག་འཛིན་གྲྭར་ཐུགས་ཁུར་ཟབ་བཞེས་ཤིང་།།

ལྷག་བསམ་རྣལ་མར་གངས་རིའི་མདངས་བཀྲ་བ།།

གསོ་བ་རིག་པའི་བསྟན་པའི་རྗེས་འབྲངས་བ།།

འཛིན་བདག་སློབ་དཔོན་ཀརྨ་ལམ་བཟང་དྲན།།

 

ལོ་མང་འདྲིས་པའི་པིར་ཐོགས་གྱ་བདུན་དྲན།།

ལས་དབང་གཅིག་པའི་དབྱིན་ཡིག་ཆེད་སྦྱོང་དྲན།།

མི་མང་རྫོངས་སའི་མལ་ཁང་བཅོ་བརྒྱད་པ།།

ཁ་ཟས་འཚོ་བ་ཆུ་རྐྱང་རྩམ་རྐྱང་དྲན།།

 

རྭ་རྒྱའི་ས་དམར་དཔྱིད་ཁའི་རླུང་དམར་སོགས།།

ཕྱིར་དྲན་བྱས་ན་དྲན་པ་མཐའ་མེད་པས།།

སྟོང་འདང་རྨི་ལམ་ལྗང་ཁུའི་ཁུགས་སོ་ནས།།

རེ་ཞིག་སྨྱུག་ཆུང་གར་གྱི་བདེ་མོ་འཇོག།།

 ཅེས་མ་ཡུམ་སློབ་གྲྭའི་ཐེངས་ཉེར་གཉིས་པར་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག་བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་རྣམ་པ་དང་ལོ་དུ་མའི་རིང་ལ་ཆུ་རྐྱང་དང་རྩམ་སྐྱའི་འཚོ་བར་རོལ་མྱོང་བའི་སློབ་གྲོགས་དག་དྲན་པའི་སེམས་ཚོར་འདི་ནི་རྩེ་དིག་སྙན་ནམ་སོ་ནག་འཇིགས་མེད་བློ་གྲོས་ཀྱིས་རང་གི་བྱ་བའི་བྲེལ་གསེང་ཁྲོད་སྦྱར།

 2016-11-25

ཡུམ་ཆེན་གྱི་འཁྲུངས་སྐར་སྤྲོ་དགས་བསུ།

ཧང་ཀྲོའུ་ནས་ཕུལ་བའི་ཤིཚིག

གང་གི་ལྷག་བསམ་གངས་རི་ལས་འཁྲུངས་པའི།།
གངས་ཕྲུག་སྟོང་གི་གཡུ་རལ་རྒྱས་པའི་གནས།།
གནའ་དེང་བཅུ་ཕྲག་འོ་མའི་བཅུད་འཛོམས་པའི།།
མ་ཡུམ་སློབ་གླིང་མཛད་འཕྲིན་རྒྱས་པར་ཤོག།

༢༠༡༦/༡༡/༡༥ཕྱི་དྲོར་ཧང་ཀྲོའུ་ཞེའུ་ཧོའུ་མཚེའུའི་འགྲམ་ནས་སློབ་བུ་གྱི་ན་བ་ཧི་མ་ལའི་ལྗང་མྱུག་གིས་ཕུལ།




འདའ་མི་སྲིད་པའི་ལོ་ཟླ་དེ་དག བསུབ་མི་ཐུབ་པའི་ཕྱིར་དྲན་འདི་དག

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།

    དེ་རིང་སྟེ་སྤྱི་ལོ་༢༠༡༦ལོའི་ཟླ་༡༡པའི་ཚེ་༡༥ཉིན་ནི་ངའི་མ་ཡུམ་སློབ་གྲྭ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐུའི་འཁྲུངས་སྐར་རེད། ཉིན་གཅིག་གི་རྣམ་གཡེང་དང་བྲེལ་ཟིང་གི་བར་ནས་ངས་མ་ཡུམ་སློབ་གྲྭ་དང་གཅེས་པའི་སློབ་གྲོགས་དག་ལ་སྐད་ལན་དང་མཚམས་འབྲི་ཙམ་ཡང་ཞུ་ཐུབ་མ་སོང་། ཡིན་ནའང་མགོ་བོ་མལ་སར་སྔས་ཏེ་ཁ་པར་ལ་ཅུང་ཙམ་ཅེར་བས་གྲོགས་པོའི་ཚོམས་དང་འཛིན་གྲའི་འཕྲིན་ཕྲན་ཚོགས་པ་རུ་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་དང་འབྲེལ་བའི་གནས་ཚུལ་གྱིས་གང་ནས་འདུག ངས་དེ་མུར་ཉིན་འགའི་སྔོན་ལ་ངེད་འཛིན་གྲྭའི་འཛིན་དཔོན་གྱིས་ང་ལ་སྒེར་ནས་འཛིན་གྲྭ་དང་སློབ་གྲྭའི་འཁྲུངས་སྟོན་སྐབས་ཀྱི་བཀོད་སྒྲིག་སྐོར་གྱི་སྐད་ཆ་འགའ་དྲིས་ཡོད་པ་དྲན་བྱུང་ལ་ངས་ད་དུང་ལན་གདབས་ཐུབ་མེད་པའང་དྲན་བྱུང་། ཡིན་ནའང་འཕྱིས་དྲག་པས་ཁོང་ལ་སུན་པོ་བཟོ་རྒྱུའི་ངལ་བ་མ་བྱས།
       ང་ཚོའི་འཛིན་གྲྭའི་འཛིན་དཔོན་ནི་སྤོ་ཐུང་ལ་གཤིས་རྒྱུད་དྲང་པའི་རྨ་ཆུའི་གྲྭ་བ་ཞིག་ཡིན། སློབ་གྲྭར་ཡོད་སྐབས་ངེད་གཉིས་ནམ་རྒྱུན་གཅིག་རོགས་གཅིག་ཏུ་གཅེས་པའི་གྲོགས་པོ་བཟང་ཤོས་ཤིག་ཡིན། ཡིན་ནའང་སློབ་མཐར་ཕྱིན་རྗེས་བྱ་བ་སོགས་རྐྱེན་གང་མང་ཞིག་གི་དབང་གིས་ཁོང་དང་ནམ་རྒྱུན་འབྲེལ་བ་བྱ་ཐབས་བྲལ།
        ངས་མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་དང་འབྲེལ་བའི་པར་རིས་དག་ལ་ལྟ་ཞོར་དུ་སློབ་གྲྭར་ཡོད་སྐབས་ཀྱི་དོན་དག་གང་མང་ཞིག་ལ་ཕྱིར་དྲན་བྱས་པ་ཡིན། དེང་མ་སློབ་གྲྭར་ཡོད་སྐབས་ང་ལ་སློབ་གྲྭའི་བྱ་བ་ཆེ་ཆུང་དུ་མའི་འགན་ཡོད། དེ་བས་གཟའ་འཁོར་རེ་ལས་ཕལ་ཆེར་ཁ་སྐོར་ཐང་དུ་རྩོད་པར་ཞུགས་ཐུབ་དུས་ཉུང་ཉུང་ཡིན་ལ་དེ་བཞིན་དུ་དགོང་ཚོགས་ཀྱི་རང་སྦྱོང་ལ་ཞུགས་ཐུབ་སྐབས་ཀྱང་ཧ་ཅང་ཉུང་། ཡང་སྐབས་ལ་རེར་ཁོམ་པ་ཡོད་ཀྱང་མོས་པ་མེད་པར་གཞུང་དོན་ལ་ཁ་གཡར་ནས་མ་ཞུགས་པའང་དུ་མ་ཡོད། ད་ལྟ་ཕྱིར་དྲན་རེ་བྱས་ན་དངོས་གནས་ཡིད་ཕངས་པོ་འདུག  ངས་མ་གཞི་སློབ་མཐར་ཕྱིན་པ་ནི་བདེ་སྐྱིད་ཀྱི་འགོ་རྩོམ་པ་རེད་བསམ་མྱོང་། རྒྱུ་མཚན་ཉིན་རེར་ཟས་ཐུན་གཅིག་ལས་མེད་པར་གང་སར་ཇུས་རྟོགས་བྱེད་དུ་འགྲོ་མི་དགོས་ལ་འདི་བྱས་གན་ལས་ཀྱི་བཀའ་བརྒྱ་སྒྲོག་མཁན་ཡང་རྩ་བ་ནས་མེད་པར། རང་མོས་དང་རང་འདོད་ཀྱི་འཇིག་རྟེན་གསར་བ་ཞིག་ཏུ་སླེབས་ཐུབ་སྙམ།  ཡིན་ནའང་སྤྱི་ཚོགས་སུ་ཞུགས་པ་དང་ང་ལ་འགན་འཁྲི་དེ་བས་ལྕི་བ་མང་པོ་ཞིག་འདུག  མཚམས་འདི་ནས་ངས་སྔར་སློབ་གྲོགས་ཤིག་གི་གསུང་གཏམ་ཡིད་ལ་འཁོར་བྱུང་། “མ་ཡུམ་སློབ་གྲྭའི་གྲགས་སྙན་ཇི་ལྟར་རྒྱས་ན་ང་ཚོའི་འགན་འཁྲི་དེ་ལྟར་ལྕི་ལ་སློབ་དཔོན་རྣམ་པའི་མཛད་འཕྲིན་ཇི་ལྟར་རྒྱས་ན་ང་ཚོར་གནོན་ཤུགས་དེ་ལྟར་ཆེ།” དངོས་གནས་རེད། སློབ་མཐར་ཕྱིན་མ་ཐག་ང་རྒྱལ་གྱི་མིང་སྐམ་ཞིག་ཁུར་ནས་གང་སར་ང་སློབ་གྲྭ་འདི་ལས་མཐར་ཕྱིན་པ་ཡིན་ཞེས་ཁེངས་སེམས་ཀྱིས་རྒྱུ་བར་དགའ་ལ། མ་ཡུམ་སློབ་གྲྭའི་མཚན་སྙན་དང་ངའི་མིང་གཉིས་མཉམ་དུ་བཏགས་རྒྱུ་ནི་སྐབས་དེའི་ངའི་བྱ་བ་གཙོ་བོ་ཡིན། ཡིན་ནའང་ཕྱིས་སུ་སྤྱི་ཚོགས་ཁྲོད་ཀྱི་མི་ཤེས་པ་དང་མི་འཇོན་པའི་བྱ་བ་མང་པོ་ཞིག་དང་འཕྲད་པས་རང་ཉིད་ནི་བློ་ཤིན་ཏུ་ནས་རྨོངས་པའི་བྱིས་པ་ཞིག་ཡིན་པ་གཞི་ནས་ཧ་གོ་སོང་།
        གལ་ཏེ་སློབ་གྲྭར་ཡོད་སྐབས་ལེ་ལོ་དང་རྣམ་གཡེང་ལ་གོམ་པ་ཉུང་ཙམ་བྱས། བརྩོན་འགྲུས་དང་འབད་པ་ལ་ཕྱོགས་པ་མང་ཙམ་ཐུབ་ཡོད་ན་ད་ལྟ་འཕྲིན་ཕྲན་དུ་ཡིག་འབྲི་རེ་གཉིས་སྐུར་དུས་ཀྱང་ཚིག་མཛོད་ཀྱི་ལག་ཆར་བསྟེན་དགོས་པ་ཞིག་གཏན་ནས་ཡིན་མི་སྲིད་ལ། མཁས་བརྒྱ་འགྲན་པའི་ཟླ་བོར་མི་ནུས་རུང་རྩོམ་ཉོག་ཕྲན་ཙག་རེ་འབྲི་བར་དཀའ་ལས་ཅི་ཡོད། ཡིན་ནའང་ད་ནི་རང་ཉིད་སློབ་གླིང་འདི་ལས་མཐར་ཕྱིན་པ་ཡིན་ཟེར་རྒྱུའི་སྤོབས་པའང་རྩ་ནས་བྲལ་སོང་།

སློབ་བུ་གྲལ་མཐའ་བ་རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིལ་དུ་འབོད་པས་2016.11.15ཉིན་ཆུ་དམར་ལེབ་ཏུ་འགྱོད་གདུང་ངང་བྲིས་སོ། །


བསུབམེད་སེམས་ཀྱི་རྡོ་རིང་།

སེང་དཀར།

ཤིན་ཏུ་གྲང་བའི་དགུན་ཟླ་རིང་མོ་བརྩེ་བའི་འཛུམ་གྱིས་ཤག་ཏུ་བསུས།།
སྐྱ་ཆད་སྔོ་སྡུག་འཚོ་བ་སྐྱུར་བོར་དགའ་བའི་ཉམས་ཀྱིས་ལོངས་སུ་སྤྱད།།
སྟོབས་ལྡན་རྒྱལ་བོའི་བཀའ་ལུང་མེད་ཀྱང་སྡུག་གི་ཁུར་བོ་འདེགས་མཛད་པའི།།
བདེན་པ་དཀར་བོ་གྲོགས་སུ་བསྟེན་པའི་བཤེས་གཉེན་རྣམ་གསུམ་རྒྱལ་གྱུར་ཅིག །

དབུ་རྩེ་སུམ་རྩེན་གནས་ལ་ཟུག་འདྲའི་ཁྱུང་མགོན་རི་བོའི་འདབས་རོལ་དུ།།
ལྷ་ཡི་ཁང་བཟང་ས་ལ་འཕོས་འདྲའི་རིག་པའི་གྲོང་ཁྱེར་རྭ་རྒྱ་མཛེས།།
དལ་འབབ་རྨ་ཀློང་གཡས་སུ་འཁྱིལ་བའི་འབའ་འབའ་ལུ་གུ་རྩེ་ཤུལ་དུ།།
འཇིགས་མེད་སྤོབས་པའི་གད་རྒྱངས་ལས་འཁྲུངས་ཤེས་རིག་ནོར་བུའི་ཁང་བཟང་ཕུབ།།

སྐུ་ཡི་ན་ཚོད་ཤིན་ཏུ་ཕྲ་བའི་ཉེར་གཉིས་ལང་ཚོའི་མཛེས་སྡུག་གིས།།
འཁོར་ངན་སྦྲུལ་གྱི་ཚང་དུ་ལྷུང་བའི་གངས་ཕྲུག་སྟོང་གི་ལས་དབང་བསྒྱུར།།
ལྷད་མེད་སེམས་ཀྱི་ལྡེ་མིག་ཅིག་གིས་རིག་པའི་སྒོ་བརྒྱ་ཕྱེ་དང་ལྷན།།
འཛིན་མའི་ཁྱོན་འདིར་སྔ་ན་མེད་པའི་ལོ་རྒྱུས་གསར་བའི་དབུ་ཁྱུད་བྲིས།།

གསང་དང་མ་གསང་ཁྱོན་ནས་མི་འདུག་འགག་ལ་ཉེ་བའི་ཕ་སྐད་ཀྱི།།
ཚེ་སྲོག་ཕྲ་མོའི་རྒྱུ་བ་འདི་ལ་སྙིང་སྟོབས་བཙན་པོའི་གོ་ཆ་བསྐྲུན།།
མངོན་པར་བསྟོད་དོ་བདག་གི་མ་ཡུམ་ཁྱེད་ཀྱི་བྱམས་བརྩེ་དྲོད་ཁོལ་གྱིས།།
མ་རིག་ཀློང་ན་མགོ་བོ་འཐོམས་པའི་བསིལ་ལྡན་ལྗོངས་འདི་གཉིད་ལས་དཀྲོགས།།

རྒྱུ་དང་འབྱོར་བའི་ངོ་སོ་མཐོ་བའི་དུས་ངན་སྙིགས་མའི་མཐའ་མ་འདིར།།
ཟླ་མེད་ཉམ་ཐག་གཅེས་པར་སྐྱོང་བའི་ཐུགས་བསྐྱེད་འོ་མཚོ་བསྲུབས་པ་མཚར།།
ཚུལ་འདི་བསམ་ནས་གངས་རིའི་ལྗོངས་ཀྱི་གཟུར་གནས་བློ་ལྡན་སྐྱེ་བོ་ཚོས།།
རེ་བའི་མེ་ཏོག་སྙིང་ལ་ཉར་ཏེ་ཁྱེད་ཀྱི་པང་དུ་འཚང་ཁ་རྒོད།།

མདོར་ན་རང་ཅག་ཁ་བའི་ལྗོངས་འདིར་བདག་ལ་མཚོན་ན་ཁྱེད་ཉིད་ལས།།
རིགས་ཀྱི་བླ་སྲོག་སྙིང་ལ་ཟུག་འདྲའི་ཤེས་རིག་འོད་ཀྱི་ལྡིང་ཁང་དཀོན།། 
དེའི་ཕྱིར་ཕྱོགས་བཞིའི་རླུང་འཚུབ་རྒོད་ཀྱང་ཁྱེད་ཉིད་རི་རྒྱལ་ལྷུན་པོ་ཞེས།།
དེང་དུས་མཁས་བླུན་མང་བོའི་ཁ་ན་ཁྱེད་ཉིད་བདེན་པའི་དགེ་མཚན་གླེང་།།
  ཞེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཉིས་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་བཀྲ་ཤིས་པའི་ཁ་བཏགས་ཡུག་གཅིག་གི་ཚུལ་དུ་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་སེང་དཀར་གྱིས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ནས་སྤྱི་ལོ་༢༠༡༦.༡༡.༡༥ཉིན།


༄༅།།མ་ཡུམ་སློབ་གླིང་གིས་མི་རིགས་ཤིག་བསྐྱངས་པའི་བགྲང་བྱ་ཉེར་གཉིས་པ།

གསེར་ཆིག་རྐྱང་།

མི་ཡི་མི་ཚེ་གཙང་བོའི་རྒྱུན་དང་འདྲ།།

དེ་ཡི་རིན་ཐང་ས་འོག་གཏེར་དང་མཚུངས།།

གཏེར་དེ་སྔོག་པའི་ཐོབ་ཐང་སུ་ལའང་ཡོད།།

དེ་ཉིད་ཐོབ་པའི་དཔའ་བོ་རེ་འགའ་ཙམ།།                                    
དེ་རིང་ཁྱུང་མགོན་ལྷུན་པོའི་འདབས་རོལ་ན།།

དགའ་སྤྲོའི་ཡོ་ལང་ཤིས་ཚིག་སྟོང་གིས་འདེགས།།

གླུ་དང་གར་གྱིས་གནམ་སའི་བར་ཐག་སྦྲེལ།།

སྤོབས་པའི་གཟི་འོད་གངས་རིའི་སྤོ་ལ་འཕྲོ།།

འདི་ནི་མདུན་སྐྱོད་རྡོག་པའི་གོམ་སྒྲ་ཡིན།།

འདི་ནི་མཐུན་སྒྲིལ་དཔུང་བའི་སྟོབས་ཤུགས་ཡིན།།

འདི་ནི་རྔུལ་ཆུས་བཞེངས་པའི་རྒྱལ་ཁ་ཡིན།།

འདི་ནི་མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་ཡིན།།

མ་ཡུམ་སློབ་གླིང་གི་སྐབས་ཉེར་གཉིས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་དུ་གསེར་མགོན་པོ་འབྲོང་རིའི་ཉེ་འདབས་ནས་སྦྱར།


༄༅།། ཡུམ་ཆེན་ལགས་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཉིས་ལོན་པར་རྟེན་འབྲེལ་ཞུ།

གངས་ཏིག

ལོ་འཁོར་ཉེར་གཉིས་བཤེས་གཉེན་དམ་པའི་བཀའ་དྲིན་ཡིན།།
ལོ་འཁོར་ཉེར་གཉིས་དཀའ་བ་ལས་བྱུང་གྲུབ་འབྲས་ཡིན།།
ལོ་འཁོར་ཉེར་གཉིས་ལྷག་བསམ་འོ་མའི་མར་ལོ་ཡིན།།
ལོ་འཁོར་ཉེར་གཉིས་སྒང་བ་བོད་ཀྱི་གོམས་སྟབས་ཡིན།།
ལོ་འཁོར་ཉེར་གཉིས་རྒྱང་ལ་བསྲིངས་བའི་ཕུགས་བསམ་ཡིན།།
ལོ་འཁོར་ཉེར་གཉིས་རྨོངས་མུན་སེལ་བའི་སྣང་བྱེད་ཡིན།།
ལོ་འཁོར་ཉེར་གཉིས་དབྱངས་གསལ་སོ་བཞིའི་གདངས་དབྱངས་ཡིན།།


རྟག་བརྟན་གྱི་རྒྱབ་རི།

སྨན་དམིགས་བུས།

སྙན་དང་གྲགས་པ་ཀུན་ལ་ཁྱབ།།
མཛད་འཕྲིན་འཁོར་ལོ་བར་མེད་འཁོར།།
ཁ་བའི་ལྗོངས་ཀྱི་མིག་གཅིག་པུ།།
མ་ཡུམ་སློབ་གླིང་རྟག་བརྟན་ཤོག།


བློ་གྲོས་ཉི་མའི་དཀྱིལ་འཁོར་ལ།། 
རྣམ་དཔྱོད་འོད་ཀྱི་ཟེགས་མ་རྒྱས།།  
ལྷག་བསམ་དུང་གི་ཁ་རྒྱན་ལ།།  
བྱམས་བརྩེའི་བྱང་སེམས་གཏེར་ཁ་བརྡོལ།།

གནའ་དེང་རིག་པའི་གཞུང་ལུགས་ལ།།   
མཁྱེན་དཔྱོད་བློ་ཡི་རྣོ་དཔལ་བརྡར།།  
ཤེས་རིག་མེ་ཏོག་གསར་བའི་བཅུད།།  
བློ་ལྡན་སློབ་བུའི་རྒྱུད་དུ་གཏམས།།  

ལོ་རབས་ཉེར་གཉིས་ངང་གིས་འདས།།  
དུས་ཀྱི་མུན་པ་མཐའ་ནས་བསལ།། 
མུན་པ་སེལ་བའི་སྒྲོན་མེ་འདི།།  
ཡུན་ནས་ཡུན་དུ་བརྟན་པར་ཤོག།

༢༠༡༦ལོའི་༡༡ཚེས༡༥ཉིན་སྐབས་དང་པོའི་གསོ་རིག་འཛིན་གྲྭའམ་གཡུ་ཐོག་འཚོ་བྱེད་རུ་དཔུང་གི་གྲལ་མཐའ་བ་སྦྲ་ནག་པ་འཇིགས་མེད་རྡོ་རྗེ་ཡིས།

མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་ལ་ཕུལ་བ།

དབྱངས་གསལ་བྱེད་ཀྱི་རྒྱུ་བ་དག་ལ།།
ངག་བརྡ་སྤྲོད་ཀྱི་གཉེར་རིས་མད་སའི།།
ས་དམར་པོ་དེའི་འགྲམ་གྱི་མ་ཡུམ།།
ཕོ་རང་སེམས་ཀྱི་རྒྱབ་རིར་བཞེངས་ཡོད།།

ཐུགས་སྙིང་རྗེ་ཡིས་བཞུག་ནས་དེད་ཅིང་།།
ཡིད་གངས་དཀར་ནི་སྙིང་རྗེས་འཚོས་ཏེ།།
གཏམ་གཏན་ཚིགས་ཀྱི་རྒྱུ་བ་རྒོད་པའི།།
ས་དམའ་ཁུགས་ཀྱི་དགེ་རྒན་དྲན་བྱུང་།།

སྐྱབས་བསླུ་མེད་ཀྱི་རྒྱལ་བ་གསོན་པོ།།
སྙིང་པད་དཀར་གྱི་གདན་དུ་བཞུགས་ན།།
ངའི་སྙིང་ཁོང་གི་མ་ཡུམ་སློབ་གྲྭར།།
རྟག་རྟེན་འབྲེལ་གྱི་སྦྲང་ཆར་སྩོལ་ཤིག།

ཅེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་གྲལ་མཐར་གཏོགས་པ་བྱམས་པ་འཕྲིན་ལས་ཀྱིས་དབུས་ཀྱི་ཉི་མ་ལྷ་ས་ནས་བཀྲ་ཤིས་སྨོན་ལམ་དང་བཅས་ཏེ་ཕུལ།


ཉི་ཟླའི་མཚམས་ཀྱི་རྡོ་རིང་།

གཅན་གསང་ཡེ་ཤེས།


གངས་ཀྱི་ཟོམ་ནས་འཚེར་བའི་བློ་མིག་དེས།།
ཡིག་འབྲུའི་ང་རོ་བདེན་པའི་སྟོབས་ཀྱིས་བྲིས།།
དེ་ན་སུ་དང་གང་གིས་མི་རྙེད་པའི།།
གཟི་བྱིན་ཚན་ཁ་འབར་བའི་ཨོཾ་ཡིག་ཅིག།
དེས་ནི་ཕྱོགས་དང་མཚམས་སུ་འོད་སྣང་སྦྱིན།།
དེས་ནི་རིགས་ཀྱི་སྲོག་ཤིང་གནམ་ལ་བཏེགས།།

ཟུངས་ལ་རིགས་ཞེན་གདུ་བའི་གཞོན་ནུའི་ཁྱུ།།
མེས་པོའི་བཞུད་ལམ་རིང་མོར་དགའ་བས་འདུར།།
དེ་ནི་སྤོབས་པས་བསྐྱེད་པའི་འོད་ཟེར་ཡིན།།
སྲིད་པར་འཁྱུར་ཁུག་མཆེད་པའི་ཤིས་གླུ་ཡིན།།
དེས་ནི་ཁྱོད་དང་ང་ལ་མིག་ཟུང་སྦྱིན།།
དེས་ནི་ཉི་ཟླའི་མཚམས་སུ་རྡོ་རིང་བསླངས།།

ཞེས་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་གཅན་གསང་ཡེ་ཤེས་སུ་འབོད་པས་མ་ཡུམ་སློབ་གྲྭའི་སྐབས་ཉེར་གཉིས་པའི་འཁྲུངས་སྐར་ལ་ཕུལ།
2016/11/15


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-11-15 ལྟ་ཀློག (21676)