ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་༢༢་པ་བསུ།





གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་༢༢་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ།


ཡིད་ལ་འཛིན་འོས་པའི་ཉིན་མོ་ཞིག

དོན་གྲུབ་རྒྱལ།

     དེ་རིང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཡིན་ལ་བུ་སློབ་སྟོང་ཕྲག་མང་བོའི་ཡིད་ཀྱི་མུན་པ་སེལ་ཞིང་བོད་ཀྱི་སློབ་གསོ་བ་ཞིག་གི་རྣམ་དཔྱོད་དང་སྤོབས་པ། བྱམས་སེམས་ལས་བཏོན་པའི་གསེར་གྱི་གཏེར་ཁ་ཞིག་གི་སྒོ་མོ་འབྱེད་པའི་ཉིན་མོའང་ཡིན།
        ཞིབ་ཏུ་དཔྱད་ན་བོད་ཀྱི་ལོ་རྒྱུས་རིང་མོའི་འབབ་རྒྱུན་ཁྲོད་ངེས་པར་བརྩི་སྲུང་བྱེད་འོས་པའི་ཉིན་མོ་ཞིག་ཀྱང་རེད། ལོ་ངོ་ཉེར་གཉིས་ནི་མི་ཚེ་ཞིག་གི་ངོས་ནས་གླེང་ན་རེ་བ་དང་ཡིད་ཆེས།  ཕུགས་བསམ་གྱིས་ཕྱུག་པའི་དུས་ཚོད་ཅིག་ཡིན་ལ། ལང་ཚོ་དང་སྤོབས་སེམས་རྫོགས་པའི་སྐབས་ཤིག་ཀྱང་རེད། ཡིན་ན་ཡང་སློབ་གྲྭ་ཞིག་ལ་མཚོན་ན་མི་ལོ་ཉེར་གཉིས་ནི་ཧ་ཅང་རིང་བའི་ལོ་རྒྱུས་ཤིག་མིན་པ་བདེན་དུ་ཆུགས་ཀྱང་། དེ་རིང་གི་འཁྲུངས་སྐར་འདིའི་རྒྱབ་ལོགས་སུ་ཡོད་པའི་སློབ་གྲྭ་འདི་ཉིད་ལ་མཚོན་ན་ལོ་ངོ་ཉེར་གཉིས་ནི་ཁ་ཕྱོགས་ཤིག་དང་བྱམས་བརྩེའི་འཚོལ་སྙེག་ཅིག  བདེན་ཐུབ་ཀྱི་གྲུབ་འབྲས་ཤིག་དང་ཡར་རྒྱས་ཀྱི་ལམ་བུ་ཞིག་ཡིན་པས་ང་ཚོས་དེ་རིང་གི་ཆེས་སྤྱིར་བཏང་མ་ཡིན་པའི་ཉིན་མོ་འདི་སེམས་ལ་གཟུང་འོས། མུན་ནག་གི་བམ་ཁ་ནས་འོད་ཀྱི་སྒྲོན་མེ་སྦར་བའི་ཉིན་མོ་འདི་སེམས་ལ་གཟུང་འོས། འཛིན་ཀྱང་དགོས།

 ང་ཚོ་སུ་ཡིན་ཡང་གཞན་གྱི་གྲུབ་འབྲས་ལ་འགྲམ་ཆུ་ལྡང་ཞིང་ཡིད་སྨོན་སྐྱེས་པ་ལས་གྲུབ་འབྲས་དེའི་སྔ་རོལ་ཏུ་སེམས་ཚེགས་དང་དཀའ་ངལ་གྱི་རྔུལ་ཆུ་ཅི་ཙམ་གཏོར་བ་དང་དཀའ་སྡུག་གི་འགག་ཕྲེང་རེ་རེར་ཇི་ལྟར་བརྒྱུད་ཡོང་བར་མནོ་བསམ་གཏོང་རྒྱུར་གོམས་མེད་པས།    སློབ་གླིང་འདི་འདྲ་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་སུ་སོང་བའི་བཤུལ་ལམ་དང་མི་རིགས་སྤྱི་བ་ཞིག་གི་ལས་དོན་མི་ཐེག་བཞིན་དུ་ཨུ་ཚུགས་ཀྱིས་འཁུར་ཏེ་ལམ་ལ་ཆས་ཚུལ་གྱི་ལོ་རྒྱུས་ལ་རྒྱུས་ལོན་ཡོད་མཁན་ཧ་ཅང་ཉུང་། དེ་ཡང་ཡིན་ཏེ། རང་ཉིད་སློབ་གླིང་འདིར་ཆ་རྒྱུས་ཨེན་ཙམ་ཡོད་མཁན་ཞིག་ཏུ་བཤད་ཀྱང་ཆོག་མོད།  མི་ལོ་ཉི་ཤུའི་དགའ་སྐྱོ་ཟུང་གི་བརྒྱུད་རིམ་ཆ་ཚང་སེམས་སུ་རི་མོ་བཞིན་ངེས་ཤིང་གསལ་ལམ་ཞེ་ན་དེ་ཡང་རབ་རིབ་ཅིག་ལས་མ་འདས་པས་རང་བཞིན་གྱིས་ངོ་གནོང་བར་གྱུར་ཅིང་མགྲིན་པ་བརྣངས། ཉིན་མོ་འདིས་ང་ལ་བོད་ཀྱི་སློབ་གསོ་བ་ཞིག་གི་དབུ་སྐྲ་ལོ་རེ་བཞིན་ཇེ་དཀར་དུ་འགྲོ་བཞིན་པ་དྲན་སྐུལ་བྱས་ཤིང་ཟུག་གཟེར་བྱིན་པ་མ་ཟད། བོད་ཀྱི་སློབ་གསོའི་ལས་དོན་ཡོངས་ལའང་གོ་བརྡ་ཚ་ནན་ཞིག་སྤྲད་སོང་།
        ད་སྐབས་ང་ཚོས་ཐ་ན་ཁེར་ཧྲེང་ཉིན་མོ་དང་༼单身节༽དང་ཤོབ་ཀྱི་ཉིན་མོ༼愚人节༽སོགས་དགོས་མཁོ་དང་དོན་སྙིང་སྤུ་ཉག་ཙམ་ཡང་མེད་པ་དག་བརྩི་སྲུང་བྱས་ཏེ་དྲ་ལམ་ནས་འུར་བ་ལས་སང་ཉིན་གྱི་ཉིན་མོ་འདི་ལྟ་བུ་ཡིད་ལ་བཟུང་ནས་སྐྱེས་མཆོག་ཅིག་གི་གསེར་འོད་འཕྲོ་བའི་ཞབས་རྗེས་དེ་རང་ཅག་སོ་སོའི་ལམ་གྱི་རིམ་པར་གཟུང་ན་འགྲིག་ཨང་། སྤྱིར་སློབ་གསོའི་དམིགས་ཡུལ་དང་ཉིང་དགོས་ནི་ཤེས་རབ་འཚོལ་བའི་ཕྱིར་ཡིན་ལ། བོད་ཀྱི་སློབ་གསོའི་ཉིང་དགོས་ཀྱང་དེ་ལས་མ་འདས་ཤིང་། མཐར་གཏུག་ན་བྱམས་བརྩེའི་སློབ་གསོ་ཡིན་པས་མི་ཚེ་གཅིག་གི་འདོད་ཡོན་ཙམ་གྱིས་ག་ལ་འོངས། 
    དེ་བས་སློབ་གླིང་འདི་ཉིད་ཀྱི་བྱེད་པོ་དམ་པ་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་རེའམ་བོད་ཀྱི་སློབ་གསོའི་ཁ་ཕྱོགས་སུ་གཟུང་ཆོག་པའི་གནད་ཀྱི་གདམས་པ། ཐོན་མིའི་སློབ་གསོ་དང་མི་ཚེ་ཕྲེང་བརྒྱུད་ཀྱི་སློབ་གསོ་ཞེས་པས་མཚོན་པའི་གསུང་ཚིག་རེ་གཉིས་ཀྱིས་ཀྱང་བོད་ཀྱི་སློབ་གསོའི་ཕན་ནུས་དང་བྱེད་ལས་ཆ་ཚང་བར་བསྟན་པ་མ་ཟད་སྡོམ་ཚིག་དང་ཁ་ཕྱོགས་བསྩལ་བ་རེད། འདི་ནི་བླང་དོར་གྱི་གནས་ལ་མི་རྨོངས་པའི་མི་རིགས་ཤིག་གི་ཡར་རྒྱས་ཀྱི་ལམ་ཀ་དང་བླང་བྱ་ཡིན་པ་ཤེས་ན་རེད། སློབ་གསོ་བ་ཆེན་མོ་ཁོང་གིས་བོད་སྤྱི་བའི་དོན་ལ་སྐུ་ཚེགས་ཅི་ཙམ་མྱངས་ཤིང་ཁོང་དང་འབྲེལ་བའི་སློབ་གླིང་འདིས་བོད་སྤྱི་ཚོགས་ཡོངས་ལ་ཞབས་ཞུ་ག་ཙམ་བསྒྲུབས་ཤིང་བྱས་རྗེས་ཅི་ཙམ་བཞག་མིན་གསལ་ཞུ་མི་མཁོ་བར་དངོས་ཡོད་གནས་ཚུལ་གྱིས་ར་སྤྲད་འོང་བས་རེ་ཞིག་གཞག་མོད། ཉིན་མོ་འདི་དང་སྦྲེལ་ནས་རང་ངོ་རང་གིས་ཟིན་ཏེ་བོད་ཀྱི་སློབ་གསོ་ཡང་དག་ལམ་དུ་གཞུག་པའི་སྨོན་ལམ་འདེབས་པའོ།།

སྤྱི་ལོ་༢༠༡༦ལོའི་ཟླ་༡༡པའི་ཚེས་༡༥ཉིན་ཤེས་རིག་གླིང་ནས་འཕྲལ་དུ་སྦྱར་བའོ།།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-11-15 ལྟ་ཀློག (9891)