ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ།

མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ།


   མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་2016ལོའི་ཟླ་11པའི་ཚེས་5ཉིན་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་ཙོང་ཁ་དགོན་པར་འཚོགས། 
མཚོ་སྔོན་ཞིང་ཆེན་འབྲེལ་སྲིད་གྲོས། འཐབ་དྲིལ་པུའུ། ཆོས་ལུགས་ཅུའུ་སོགས་ཀྱི་མི་སྣ་ཚོགས་འདུར་ཞུགས་ཤིང་།  མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱི་ཚད་མའི་སློབ་དཔོན་ཆེན་མོ་དང་།དགོན་སྡེ་སོ་སོའི་དགེ་བཤེས་བཅས་མི་སྣ་དྲུག་ཅུ་རེ་ལྔ་བཅས་ཚོགས་ཤིང་། ཐོག་མར་ཆོག་མཆན་དང་ཡིག་ཆ་བསྒྲགས་ཤིང་། བློ་འདྲི་ས་དང་། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། རྒྱུན་ལས་ཚོགས་གཙོ་བཅས་འདེམས།

    མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟླ་བས་ཚད་མའི་ལོ་རྒྱུས་ལས་འཕྲོས་ཏེ་ཤིས་ཚིག་ཕུལ་ཞིང་། ཚོགས་གཙོ་སྒར་བ་ངག་དབང་བཟང་བོས་ཞུ་ཚིག་ཕུལ་ཚད་མའི་མཐུན་ཚོགས་འཛུགས་པའི་དགོས་པ་དང་། ཚད་མའི་སྤྱི་ཚོགས་ལ་འབུལ་འོས་པའི་དོན་སྙིང་སོགས་ལས་བརྩམས་ཏེ་གྲུབ་མཐའ་རིས་སུ་མ་ཆད་པ་དང་། སྐྱ་སེར་རིས་སུ་མ་ཆད་པའི་སྒོ་ནས་དར་སྤེལ་གཏོང་བར་ཐུན་མོང་ནས་ནུས་པ་འདོན་པའི་ཆེད་དུ་མཐུན་ཚོགས་འདི་ཉིད་བཙུགས་པ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་།
     ཞིང་ཆེན་གྱི་འགོ་ཁྲིད་རིན་ཆེན་རྣམ་རྒྱལ་དང་། ཤེར་མཚོ། སུང་བེ་ཀྲུང་བཅས་ཀྱིས་ཚད་མའི་དགེ་མཚན་དང་བོད་ཀྱི་མཚན་ཉིད་རིག་པའི་རིན་ཐང་། ཁྱད་པར་ཚད་རིག་ཚོགས་པ་དབུ་བརྙེས་ཏེ་མ་འོངས་པའི་ཚད་མ་ལ་བྱས་རྗེས་འཇོག་དགོས་པ་དང་འདི་ལས་མི་རིགས་མཐུན་སྒྲིལ་ལ་ནུས་པ་འདོན་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད་པ་སོགས་བསྟན།མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་ཀྱི་གཏན་ཚིགས་རིག་པའི་གཙོ་བོ་དང་ད་ལྟའི་བོད་ཀྱི་ཚད་མ་རིག་པ་གནས་བབས་སྐོར་གསུངས།   དཔལ་ལྡན་གསང་ཕུ་དགོན་པ་དང་། ཀྲུང་གོའི་བོད་རིག་ཞིབ་འཇུག་ལྟེ་གནས།ཀྲུང་ཧན་ཚད་མ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་། ལྷོ་ནུབ་མི་རིགས་སློབ་ཆེནབོད་རིག་པ་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ལྷན་ཚོགས་སོགས་ཀྱིས་ཤིས་ཚིག་གནང་བ་དང་གསུང་ཕུ་དགོན་པ་དང་། གཙུག་ལག་ཁང་། དགའ་ལྡན་དགོན་པ་ས་སྐྱ་དགོན་སོགས་ཀྱིས་ཆེད་དུ་མཚོ་སྔོན་ཞིང་ཆེན་ཚད་རིག་ཚོགས་པ་དབུ་བརྙེས་པར་སྐུ་གསུང་ཐུགས་རྟེན་སོགས་གནང་བ་བསྒྲགས།
    ཐེངས་འདིར་ཚད་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་མཆོག་གིས་སྒྲུབ་ངག་གི་སྐོར་ལས་བརྩམས་ཏེ་རིག་གཞུང་སྙན་ཞུ་ཕུལ། ཧང་ཀྲིག་ནང་བསྟན་སློབ་གླིང་གི་གླིང་གཙོ་མཁན་པོ་ཀང་ཞོད་ལགས་ཀྱིས་རྒྱ་ནག་དང་བོད་ཀྱི་ཚད་མའི་སློབ་གཉེར་མི་འདྲ་བ་དང་རང་ཉིད་ཀྱིས་ཚད་མ་ལ་སློབ་གཉེར་བྱས་པའི་བརྒྱུད་རིམ་ངོ་སྤྲོད་བྱས། ཁྱད་པར་རྒྱ་ནག་གི་རྩོད་པ་བྱེད་ཚུལ་སྐོར་ཞིབ་ཏུ་ངོ་སྤྲོད་བྱས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཟླ་བས་ཕྱི་ཚུལ་གཏན་ཚིགས་རིག་པ་དང་བོད་ཀྱི་གཏན་ཚིགས་རིག་པ་གཤིབ་བསྡུར་དང་ད་ལྟའི་ཚད་མའི་གནས་བབས་སྐོར། ཀླུ་ཚང་དགོན་པའི་དགེ་བཤེས་ཤེས་རབ་བསྟན་དར་གྱིས་སྟོན་པའི་གསུང་ལས་གཏན་ཚིགས་རིག་པ་བསྟན་པའི་སྐོར་བཤད་པ་བཅས་ཀྱི་རིག་གཞུང་སྙན་ཞུ་གནང་།

  ཕྱི་དྲོ་ཚོགས་ཆུང་གསུམ་བགོས་ཏེ་གྲུབ་མཐའ་རིས་མེད་དང་སྐྱ་སེར་རིས་མེད།ཕོ་མོ་རིས་མེད་ཀྱིས་རང་རང་གི་དགོངས་ཚུལ་བཞིན་བོད་ཀྱི་ཚད་མ་རིག་པར་ཞིབ་འཇུག་དང་སློབ་གཉེར་བའི་མྱོང་བ། སློབ་ཁྲིད་ཀྱི་མྱོང་བ།དར་སྤེལ་གྱི་ཁ་ཕྱོགས་སོགས་ཐད་དུ་རང་གི་དགོངས་ཚུལ་སྦ་གསང་མེད་པར་བརྗོད་དེ་ཕྱི་དྲོ་དུས་ཚོད་དྲུག་སྟེང་བདེ་བླག་ངང་གྲོལ།

མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོའི་སྟེང་ཞུགས་པའི་དགོན་པ་སོ་སོའི་འཐུས་ཚབ་མི་སྣ།


ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།


མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོའི་སྟེང་ཞུགས་པའི་ཚོགས་མི་ཡོངས་ཀྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-08 ལྟ་ཀློག (3606)