རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེར་ཕུལ་བའི་ཞུ་མཆིད་དབྱར་སྐྱེས་རྔ་སྒྲ་བཞུགས་སོ།།

༄༅།། རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེར་ཕུལ་བའི་ཞུ་མཆིད་དབྱར་སྐྱེས་རྔ་སྒྲ་བཞུགས་སོ།།

       ཀུན་མཁྱེན་འཇིགས་མེད་དབང་བོས་མཛད།

རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་ནི།།
ངུར་སྨྲིག་ཟློས་གར་ལྷུར་བླངས་ཏེ།།
སྐྱེ་དགུ་ཀུན་གྱི་མགོན་མཛད་པ།།
དཔལ་ལྡན་བླ་མས་བདག་སྐྱོང་ཤི །
བློ་གྲོས་རྟུལ་ཞིང་སྒྲུབ་ལ་གཡེལ།།
སྙིང་སྟོབས་དམན་ཞིང་སྲེད་པ་ཆེ།།
རྟག་ཏུ་འདུ་འཛིའི་མཚོར་བྱིང་བ།།
གང་དེས་གུས་པས་མཆིད་འདི་གསོལ།།
ཁྱོད་ནི་སྔོན་གྱི་ཐུགས་བསྐྱེད་བཞིན།།
སྐྱོན་བརྒྱས་མནར་བའི་དུས་མཐའ་འདིར།།
བསྟན་འགྲོས་ཕན་བདེ་སྤེལ་བའི་ཁུར།།
རང་ཉིད་གཅིག་པུས་བདག་གིར་མཛད།།
དེ་ཚེ་ཁྱོད་འདྲ་ཡོད་བཞིན་དུ།།
ཐུབ་པ་བདག་གིས་ཅི་བྱ་ཞེས།།
སྲས་དང་བཅས་པ་ཉི་མའི་གཉེན།།
ཞི་བའི་དབྱིངས་སུ་གཤེགས་སམ་སྙམ།།
ཤེས་བྱའི་རྒྱ་མཚོ་མ་ལུས་པ།།
མགོན་ཁྱོད་ཞལ་དུ་གསོལ་བ་ན།།
གངྒཱ་འཐུང་བའི་ཛ་ཧྣུ།།
བཞིན་རས་ཆུ་ཐིགས་ཕྲེང་བ་འཛིན།།
དྲི་མེད་ལུང་དང་རིགས་པ་ཡིས།།
རྒྱུ་དང་འབྲས་བུའི་ཐེག་པའི་དོན།།
མ་ལུས་ཇི་བཞིན་ཐུགས་ཆུད་དེ།།
གཞན་ལ་འདོམས་པས་ངལ་བ་མེད།།
ཐོས་དོན་སྒྲུབ་ལ་གཞོལ་བ་ཡིས།།
ཟབ་དང་རྒྱ་ཆེའི་དམིགས་པ་ལ།།
བསྐལ་བའི་རླུང་གིས་མི་བསྒུལ་བའི།།
ཏིང་འཛིན་བརྟན་པོ་ཁྱོད་ཀྱིས་བརྙེས།།
མཆོག་དམན་བར་མ་རྗེས་འཛིན་པའི།།
ཁྱོད་ཀྱི་རྨད་བྱུང་འཕྲིན་ལས་ནི།།
ནོར་འཛིན་བཞིན་རས་མ་ལུས་པ།།
གསལ་བར་བྱེད་པའི་ཉི་མ་བཞིན།།
རབ་དཀར་གྲགས་པའི་ངང་མོ་ནི།།
ཕྱོགས་བྲལ་མཚོ་ལ་ཅི་ཡང་འཁོར།།
ཉིན་བཞིན་འཕུར་ཞིང་ལྡིང་བ་ཡིས།།
སྙན་པའི་རྫ་རྔ་རྡུང་བར་བྱེད།།
བདག་ནི་ཐོག་མེད་དུས་ཉིད་ནས།།
མི་བཟད་སྐྱོན་ལ་གོམས་པ་ཡིས།།
སེམས་ཀྱི་སྦྲང་མ་འདོད་ཡོན་གྱི།།
མི་གཙང་དྲི་ལ་ཅི་ཡང་འཁོར།།
དེ་སླད་མཁྱེན་པའི་གཞུར་སྦྱར་ཏེ།།
ལེགས་བཤད་འཕྲུལ་གྱི་ཉག་ཕྲན་ནི།།
བརྩེ་བའི་སྟོབས་ཀྱིས་འཕངས་པ་གང་།།
བདག་སྙིང་འབེན་ལ་ཟུག་པར་གྱུར།།
འོན་ཀྱང་ལས་ཀྱིས་བྱིན་པ་ཡིས།།
འདོད་ལ་བརྐམ་པའི་དྲི་མ་ནི།།
རས་ལ་ཞུགས་པའི་སྣུམ་བཞིན་དུ།།
སུ་ཞིག་འཕྲལ་དུ་དབྱུང་བར་ནུས།།
ཤེས་རྒྱུད་རྐང་བའི་མཐིལ་ཟུག་པའི།།
སྐྱོན་གྱིས་ཚེར་མ་འབྱིན་པའི་སླད།།
ལེགས་བཤད་རྒྱ་ཁབ་སྩལ་པ་ནི།།
བཀའ་དྲིན་ཆེ་ཞེས་ཕྱག་འཚལ་ལོ།།
ཀྱེ་ཧུད་ཐུབ་པའི་བསྟན་པ་ནི།།
ལྟག་ཆུ་ཆད་པའི་རྫིང་བུ་བཞིན།།
ལོག་པར་སྤྱོད་པའི་ཚ་ཟེར་གྱིས།།
ཉིན་རེ་ཉིན་རེར་སྐེམ་པར་བྱེད།།
གཞུང་ལུགས་ཆེ་ལ་སྦྱངས་པ་ཕལ།།
སྒྲུབ་པའི་ཚུལ་ལ་སྐྱོན་དུ་ལྟ།།
རབ་བྱུང་མགོ་རེག་ཚོགས་རྣམས་ཀྱང་།།
ཁྱིམ་གྱི་བྱ་བས་ཡོངས་སུ་བྲེལ།།
བསམ་གཏན་མཁན་པོར་རློམས་པ་དག །
རྙེད་དང་བཀུར་སྟིར་ཅི་ཡང་སྲེད།།
ཆོས་དང་མཐུན་པ་འགའ་མཆིས་ཀྱང་།།
ཉིན་སྐར་བཞིན་དུ་སྣང་མི་ནུས།།
དེ་ལྟའི་དུས་ངན་འདི་འདྲ་ལ།།
ཡོན་ཏན་ནོར་གྱིས་དབུལ་བ་ཡིས།།
བདག་འདྲས་བསྟན་དང་འགྲོ་བའི་དོན།།
སྒྲུབ་པར་འདོད་པ་བཞད་གད་རྒྱུ།།
ཁྱེད་ནི་ཐོས་པའི་ཕ་རོལ་སོན།།
བསླབ་གསུམ་ཡོན་ཏན་ཚོགས་ཀྱིས་གཏམས།།
ཡོངས་རྫོགས་བསྟན་ལ་མངའ་བརྙེས་ཕྱིར།།
བསྟན་ལ་བྱི་དོར་མཛད་པར་རིགས།།
ཐུབ་བསྟན་འཛིན་སྐྱོང་སྤེལ་བ་ཡི།།
མཁྱེན་བརྩེ་ནུས་པ་ལྡན་བཞིན་དུ།།
རླབས་ཆེན་གཞན་དོན་ཡལ་བོར་ནས།།
རང་དོན་སྒྲུབ་ལ་ཇི་ལྟར་དགྱེས།།
བགྲང་ཡས་རྒྱས་སྲས་དཔའ་བོ་རྣམས།།
འཁོར་བའི་ཉེས་དམིགས་གཟིགས་བཞིན་དུ།།
སྙིང་རྗེའི་དབང་གིས་སྲིད་པར་ནི།།
བསྐལ་བར་གནས་པ་མ་ལགས་སམ།།
དེ་ཕྱིར་སྲིད་པའི་སྐྱོན་གཟིགས་ཀྱང་།།
སྲིད་ལ་སྐྱོ་བ་མི་མངའ་བར།།
ཐར་འདོད་བྱེ་བའི་དཔུང་གཉེན་དུ།།
ཞབས་ཟུང་མི་གཡོ་བརྟན་པར་བཞུགས།།
སཔྱི་གཙུག་ཉི་ཟླའི་གདན་སྟེང་དུ།།
མགོན་ཁྱོད་བསྒོམས་ཏེ་གསོལ་འདེབས་ན།།
ཐུགས་རྗེའི་སྤྲིན་ཕུང་གཡོས་པ་ལས།།
བྱིན་རླབས་ཆར་ཆེན་འབེབས་པར་མཛོད།།
རྨོངས་པའི་བྲན་དུ་གྱུར་པ་དག །
གནས་སྐབས་བར་ཆད་ལས་གྲོལ་ཞིང་།།
ཆོས་ལྡན་བསམ་པ་འགྲུབ་པ་ཡི།།
སྐྱབས་འཇུག་གཡེལ་བ་མེད་པ་མཁྱེན།།
ཁྱོད་ཞལ་མྱུར་དུ་མཇལ་བ་དང་།།
ཁྱོད་གསུང་བདུད་རྩིའི་དགའ་སྟོན་གྱིས།།
བདག་བློའི་རྐང་དྲུག་སྟོབས་རྒྱས་ཏེ།།
བདེ་ཆེན་བརྩེ་དགའ་བགྱིད་པར་སྨོན།།
ད་ེལྟའི་འཕྲིན་ཡིག་སྤྲིན་སྔོན་ནི།།
དོན་གཉེར་རླུང་གིས་བསྐྱོད་པ་ལས།།
སྙན་ཚིག་འབྲུག་སྒྲ་སྒྲོགས་བཞིན་དུ།།
བདེན་བྲལ་ཕྱོགས་སུ་གཡོ་ཞིང་ཐལ།།
ཞེས་གསོལ་བ་འདེགས་རྟེན་མཚོན་བྱེད་ཙམ་དུ་མཛོད་བཏགས་བཅས་ཕུལ།། 
ཀུན་མཁྱེན་འཇིགས་མེད་དབང་བོའི་ཆབ་ཤོག་ཕྱོགས་བསྒྲིགས་ལས་བཤུས།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། སེང་དཀར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-31 ལྟ་ཀློག (3150)