རྗེ་རིན་པོ་ཆེ་ལ་དབེན་གནས་སུ་འགྲོ་བར་བསྐུལ་བའི་ཞལ་གདམས་བཞུགས་སོ།།

རྗེ་རིན་པོ་ཆེ་ལ་དབེན་གནས་སུ་འགྲོ་བར་བསྐུལ་བའི་ཞལ་གདམས་བཞུགས་སོ།།

                        རེད་མདའ་བ་གཞོན་ནུ་བློ་གྲོས།

གང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང་།།
རྨད་བྱུང་ཡོན་ཏན་དཔལ་གྱི་རབ་བརྗིད་པས།།
སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ།།
ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ།།
ཀ་ཡེ་ཉོན་ཅིག་ཤེས་ལྡན་གྲོགས་པོ་དག །
བསྟན་པའི་ཉིན་བྱེད་ནུབ་རིའི་རྩེ་ལ་སོན།།
ལུས་སྲོག་གཡོ་བ་འབབ་ཆུའི་རྒྱུན་དང་མཚུངས།།
ཐར་འདོད་རྣམས་ཀྱི་བག་ཡོད་བསྟེན་པར་རིགས།།
རིན་ཆེན་བདུན་ལྡན་གླིང་ཆེན་བཞི་ལ་དབང་།།
དཔག་མེད་ཚེ་གནས་དགེ་བཅུའི་དཔལ་ལ་སྤྱོད།།
ཕུན་ཚོགས་མངོན་མཐོའི་བདེ་ལ་རོལ་བྱེད་པའི།།
འཁོར་ལོའི་སྒྱུར་རྒྱལ་དཔལ་དེའང་ཆུ་ཤིང་འདྲ།།
ལྷུན་པོའི་སྤོ་ལ་ཡུན་རིང་གནས་བཅས་ཏེ།།
ཡོངས་འདུའི་ཚལ་དུ་དགའ་བདེའི་དཔལ་གྱིས་རོལ།།
འཆི་མེད་ཉེ་དབང་ཚོགས་ཀྱིས་གུས་བཏུད་པའི།།
འཕྲོག་བྱེད་མིག་སྟོང་ལྡན་དེའང་སྲིད་པའི་བྲན།།
ལུས་སེམས་ཟུག་རྔུའི་གདུང་བ་རིང་དུ་སྤངས།།
ཏིང་འཛིན་བདེ་བས་བསྐལ་མང་འདའ་བྱེད་པའི།།
འཇིག་རྟེན་མེས་པོ་གསེར་གྱི་མངའ་ལྡན་ཡང་།།
འཆི་མེད་གོ་འཕང་ལས་རིང་གྱི་ནར་འཁོར།།
གང་གིས་རེག་ན་རབ་བརྟན་ལྷུན་པོ་ཡང་།།
སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི།།
མེ་ལྕེའི་ཕྲེང་བ་ལུས་ལ་རབ་འབར་བ།།
དམྱལ་བའི་ཟུག་རྔུ་སུ་ཡིས་བརྣག་པར་ནུས།།
བལྟས་པ་ཙམ་གྱིས་ཀླུང་ཆེན་རྒྱུན་སྐེམས་ཤིང་།།
ལྗོན་ཤིང་འབྲས་བུ་མེད་པར་བྱེད་པ་ཡི།།
ཏ་ལའི་ཡང་ཐོག་སྐམ་ལྟའི་ཡི་དྭགས་གཟུགས།།
གང་ཞིག་མཐོང་ན་འཇིགས་རུང་སྐྱི་ཡང་གཡའ།།
བླང་དོར་རྨོངས་པའི་གཏི་མུག་སྨག་རུམ་འཐིབ།།
གཅིག་ལ་གཅིག་ཟ་རྡོ་རྗེའི་མེ་སྟག་དང་།།
བཀོལ་སྤྱོད་ཆར་རྒྱུན་ལུས་ལ་རྟག་འབབ་པའི།།
རྣམ་མང་དུད་འགྲོའི་དུབ་པ་སུ་ཡིས་བཟོད།།
སྲིད་པའི་ཕུན་ཚོགས་དེ་ལྟར་མནོག་ཆུང་ཞིང་།།
རབ་མང་ཉེས་པའི་ཚོགས་དང་ལྡན་རིག་ནས།།
རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར།།
མང་ཐོས་བདག་ནི་དབེན་པའི་ནགས་སུ་འགྲོ།།
ཆར་འདོད་བྱིའུས་འབྲུག་སྒྲ་ཐོས་པ་བཞིན།།
དབེན་པའི་གཏམ་འདི་ཁོ་བོའི་སྙིང་ལ་བབས།།
ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར།།
གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ།།
ངང་བའི་ཚོགས་ཀྱིས་པད་མའི་མཚོ་མཐོང་ལྟར།།
བས་མཐའི་གནས་ལ་ཁོ་བོ་སེམས་རབ་གཡོ།།
དལ་འབྱོར་ལུས་ལ་སྙིང་བོ་བླང་བའི་ཕྱིར།།
གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ།།
བུང་བ་གཞོན་ནུའི་འདབ་བརྒྱའི་ཚལ་མཐོང་ལྟར།།
ཁོ་བོའི་ཡིད་ནི་དབེན་པའི་རི་ལ་ཆགས།།
ཏིང་འཛིན་བདུད་རྩིའི་རོ་དེ་མྱོང་བྱའི་ཕྱིར།།
གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ།།
དཔྱིད་དུས་བསིལ་བའི་མ་ལ་ཡའི་རླུང་ལྟར།།
ནགས་ཀྱི་སྨན་ལྗོངས་ཁོ་བོའི་ཡིད་ལ་བབས།།
ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར།།
གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ།།
ཞེས་སོ། ༈ །ན་མོ་ལོ་ཀེ་ཤྭ་ར་ཡ།།
གང་ལ་ཆགས་པས་རྟག་ཏུ་སྡུག་བསྔལ་ཞིང་།།
མེ་ཡི་འོབས་དང་མི་གཙང་རྫས་ལྟ་བུའི།།
འཁོར་བ་འདི་ལ་བདེ་བའི་སྐབས་མེད་ཀྱི།།
ཞེན་ལོག་རྒྱུན་དུ་སྟེན་ཅིག་སྒྲུབ་པ་དཔལ།།
ཉོན་མོངས་ནད་ཆེན་སེལ་བའི་སྨན་གཅིག་པུ།།
དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ།།
མཐའ་བྲལ་དབུ་མའི་ལམ་ལས་གཞན་མེད་ཀྱི།།
ཡེངས་མེད་སྟོང་ཉིད་སྒོམས་ཤིག་སྒྲུབ་པ་དཔལ།།
ལས་ཉོན་དབང་གི་རྒྱུད་ལྔའི་འཁོར་བ་རུ།།
དུཿཁ་རྒྱུད་མར་མྱོང་བའི་འགྲོ་བ་འདི།།
ཐོག་མེད་དུས་ཀྱི་དྲིན་ཅན་མ་ཡིན་གྱི།།
སྙིང་རྗེ་རྒྱུན་དུ་སྒོམས་ཤིག་སྒྲུབ་པ་དཔལ།།
མདོར་ན། འཁོར་བ་ལ་ཡིད་འབྱུང་བས་མཉམ་བཞག་ཏུ་སྟོང་ཉིད་བསྒོམ་ཞིང་། རྗེས་ཐོབ་ཏུ་སྙིང་རྗེ་བསྒོམ་པ་ལ་ཉམས་ལེན་གྱི་གཙོ་བོ་མཛོད། །  ཅེས་པ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།།  །།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། སེང་དཀར།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-21 ལྟ་ཀློག (6989)