ལྕོག་རའི་གླུ་དབྱངས་དང་ལང་ཚོའི་འགྱུར་ཁུགས།

ལྕོག་རའི་གླུ་དབྱངས།

འཇུ་སྐལ་བཟང་།

      ང་རང་ཨ་མར་སྐྱེས།  ཡིན་ཏེ1960ལོར་བོད་བྱང་འབྲོག་ས་ཆའི་ཨ་མ་བྱམས་ལྡན་ཞིག་ལ་སྐྱེས།  ངའི་ཨ་མ་ན་གཞོན་དུས་འབྱོར་བ་ཞན་ལ་སྐྱེ་འབྲས་ཤིན་ཏུ་མཚར་བོ་ཞིག་མིན། ཁྱད་ཆོས་སུ་སྨྲ་འོས་པ་ནི་སེམས་རྒྱུད་བཟང་ཞིང་།  བྱམས་སེམས་ཆེ་ལ།ཨ་མའི་འགན་འཁྲིའི་འདུ་ཤེས་ཤིན་ཏུ་དམ།  ཁོ་མོའི་ཕ་རུས་ཁམས་གཙང་དང་།  མ་རུས་སང་སིང་ཡིན།  དེ་བཞིན་ཕྲན་གྱི་ཡང་སེམས་ཁམས་བདེ་ཐང་ཡིན་ཅིང་།  བློ་ཕུགས་ཀློང་ཡངས་བའི་འབྲོག་ཁུལ་ཏུ་སྐྱེས་པ་ཞིག་ཡིན་པ་ལ།  བློ་རྩེ་ཅུང་རྒོད་ཅིང་སྤྱང་གྲུང་འཛོམས།  དཔེ་འདྲེན་གོ་སྐོན་གྱི་སྐད་ཆའི་སྒྱུ་རྩལ་ལ་མཁས་ཤིང་།   ཡིད་འགུགས་འགོ་བསྡུ་ཡི་རྩ་འཛུགས་ནུས་པ་ལྡན།  མི་ཆོས་ཀྱི་བློ་རྩེ་གྲུང་ངེར་ཡོད་པ་ང་ལས་ལྡབ་འགྱུར་གྱིས་ལྷག་པས།ཨ་ཕ་ནི་ད་ལྟ་བའི་བར་ངའི་སེམས་ལྗོངས་ཀྱི་སྐྱེས་པ་ཕོ་ཡི་མཚན་དཔེ་ཡིན།  ཁོང་གི་ཕ་རུས་འཇུ(ངའི་རུས་ཀྱང་དེ་ཡིན་པ་བཤད་མ་དགོས)དང་།   མ་རུས་ཝ་ཤུལ་བཀྲ་ཟ་ཡིན།ངེད་ཅག་གི་ཁྱིམ་རྒྱུད་ཀྱི་རུས་ནི་སྒོ་སྤའམ་སྒོ་པ་ཞེས་པ་ཡིན་ཏེ།  རུས་སྒོ་རང་གི་ཆེ་བསྟོད་སྐབས་བོད་གནའ་བོའི་རུས་ལ།"བསེ་རྨུ་སྟོང་ལྡོང་རུས་ཆེན་བཞི།།ཞང་པོ་སྒོ་དང་ལྔ་རུ་གྱེས།།"ཞེས་པའི་སྒོ་ཡི་རུས་རྒྱུད་ཡིན་པས་སྒོ་པ་ཡིན་ཞེས་ཀྱང་སྨྲ།
      གོང་སྨྲས་བཞིན་ཨ་ཕ་ནི་ངའི་མིག་དཔེ་ཡིན་ཏེ།  ངས་བྱིས་སྒྲུང་མང་བོ་ཞིག་ཨ་ཕ་ལས་ཐོས་ཤིང་།  ཀློག་སློབ་བའི་དགེ་རྒན་དང་པོའང་ཨ་ཕ་ཡིན།  ངའི་བྱད་བཞིན་དང་སྐྱེས་གཟུགས་ཨ་ཕ་དང་ཤིན་ཏུ་འདྲ་བར་མ་ཟད།  ཨ་ཕའི་གཤིས་ཁམས་དང་སྤྱོད་ལམ་གྱིས་ང་ལ་བག་ཆགས་དང་ཤུགས་རྐྱེན་གཏིང་ཟབ་མོ་ཞིག་ཐེབས་ཡོད་པས།  ངའི་གཏམ་སྤྱོད་དང་རྣམ་འགྱུར་ཀུན་གྱི་ཁྲོད་ཨ་ཕ་ལས་བརྒྱུད་པའི་གྲུབ་ཆ་ཉིན་བཞིན་ཇེ་མང་དང་ཇེ་གསལ་དུ་འགྲོ་བཞིན་ཡོད།
     གལ་ཏེ་ཨ་ཕས་སྐབས་དེའི་འབྲོག་མི་དཀྱུས་མ་ཞིག་གི་མིག་རྒྱང་ལས་བརྒལ་བའི་བློ་རྒྱ་ལ་བརྟེན་ནས་སློབ་གྲྭར་བསྐྱལ་བ་མིན་ན།  ཇི་ལྟར་བྱས་ཀྱང་དེ་རིང་རྩོམ་ཡིག་འདི་འདྲ་གཏན་ནས་འབྲི་མི་སྲིད།
     ང་རང་འཇིག་རྟེན་འདིར་འོང་ནས་ཐེངས་དང་བོར་མཐོང་བ་ནི་ཨ་མའི་ཞལ་རས་ལགས་ཤིང་།  ཐེངས་དང་བོར་བཏུང་བ་ཨ་མའི་ནུ་ཞོ་ལགས།   ངས་ཀྱང་འཛུམ་དཀར་དང་པོ་ཨ་མར་བསྟན་ལ།  འཁང་ར་དང་པོའང་ཨ་མར་བྱས།  འཇིགས་ཉེན་བྱུང་ཚེ་དང་པོ་འབོད་ས་ཨ་མ་ཡིན་ལ།   ལྟོ་བ་ལྟོགས་ཚེ་དང་པོ་འཚོལ་བྱ་ཨ་མ་ཡིན།  ཨ་མ་ལ་འཇིགས་སྣང་མེད་པས་ལེགས་ཉེས་ཅི་བྱུང་ཞུ་ཕོད་ཅིང་།  ཨ་མ་ལ་ཟིལ་མནོན་མེད་པས་ཨ་མའི་བཀའ་ལས་འགོངས་བར་ཕོད།ང་ལ་མ་ཎི་ཡིག་དྲུག་གི་ལུང་ཨ་མ་ལས་ཐོབ་ཅིང་།སྐྱབས་འགྲོ་དང་སྒྲོལ་མ་ཨ་མ་ལས་བསླབས།ཨ་མས་ང་རང་ཁྲིད་ནས་སྐམ་ལ་ཉེ་བའི་ཆུ་འཁོར་ཞིག་ལས་ཉ་ལྕོང་མང་པོ་རྫིང་བུ་གཞན་དུ་གནས་སྤོ་བྱས་པས།ངས་ཚེ་སྲོག་གི་རིན་ཐང་ལ་གོ་བ་དང་བོ་དེ་ལས་ལོན་ཅིང་།མ་བཅོས་པའི་སྙིང་རྗེ་དང་བྱམས་སེམས་དང་པོར་དེ་ལས་རྟོགས་ལ།བོད་མི་རྣལ་མ་ཞིག་བྱེད་པའི་གཤིས་རྒྱུད་ཀྱི་རྟོགས་པ་དང་པོ་དེ་ལས་བརྙེས།ཨ་མས་དབུལ་པོ་ཉམ་ཐག་དང་རྒན་རྒོན་བདག་མེད་ལ་ཟས་གོས་ཚུན་ཚད་ཕངས་མེད་དུ་བྱིན་ཅིང་།དེ་དག་ལ་དམན་སྣང་དང་གཙང་དམེ་མེད་པར་གཅེས་སྐྱོང་དང་རོགས་རམ་བྱེད་པ་ལས།ང་ལ་མི་ལུས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་ཅིང་།བདེ་སྡུག་གི་འགྱུར་བ་རྣམ་པ་ཙམ་དུ་ཟད་པའི་སློབ་གསོ་ཐོག་མར་ཐོབ།གཞན་ཡང་ངས་ཟོལ་མེད་དང་།དྲང་བདེན།ལྷག་བསམ་རྣམ་དག་གཞན་དོན་བླ་མེད་ཅེས་པ་སོགས་ད་ལྟ་མང་པོས་རྩིས་མེད་དུ་དོར་ཡང་རང་ལ་གཅེས་ཐང་ཆེ་བའི་ཐ་སྙད་མང་པོ་ཞིག་ཨ་མ་ལས་བསླབས་པས་ཨ་མའི་བཀའ་དྲིན་གཞལ་དུ་མེད། ད་ལྟ་ངའི་ཨ་མ་དགུང་གྲངས་མཐོ་ཙམ་དུ་སོན་ཡོད་ཀྱང་ད་དུང་ངེད་ཅག་བུ་བུ་མོ་དག་ལ་རྟག་པར་སེམས་ཁྲལ་བྱེད་བཞིན་ཡོད་ལ།ངེད་ཅག་ཀྱང་ཨ་མ་ལ་སེམས་པ་སྔར་ལས་འཕྲེང་བཞིན་ཡོད་དེ།  དེ་སྔོན་ཁོ་བོས་སྙན་རྩོམ་ཞིག་ཏུ་འདི་ལྟར་བྲིས་མྱོང་།

      འགྲོ་ཁར་ཨ་མ་ལ་ཐོད་པ་ལན་གཅིག་གཏུགས་པས།  སྙི་དྲགས་པའི་སེམས་པ་དེ།  དཔྲལ་གཉེར་གྱི་དྲ་རྒྱར་ཡུན་རིང་ཐོགས།  ཉིན་བཞིན་དཀར་བའི་སྐྲ་ལོ་དེར་བལྟས་ཀྱིན།  ངུ་སྙིང་ཞིག་གཏིང་ནས་འོང་ཡང་།  ང་ལ་ཨ་མས་དང་པོར་བསླབས་པ་ནི།  འཛུམ་དཀར་ལགས་པས།   བྱིས་པའི་གཏན་ཚིག    བྱིས་པ་རེར་རང་རང་གི་འཇིག་རྟེན་རེ་ཡོད་ཅིང་།བྱིས་པ་རེར་རང་རང་གི་གཏན་ཚིག་རེ་ཡོད།ང་རང་བྱིས་པའི་དུས་ཀྱི་གཏན་ཚིག་ནི་ཤིན་ཏུ་སླ་སྟེ། རྒྱང་རིང་གི་རི་རྒྱུད་ནམ་མཁའ་དང་མཉམ་པར་སྣང་བ་དེ་གནམ་སའི་འབྲེལ་མཚམས་ཡིན།ཕ་ཡིན་ཕྱིར་ཨ་ཕ་ཞེས་འབོད་དགོས་པ་ལས།འགའ་ཞིག་ཨ་པ་ཞེས་འབོད་པར་རྒྱུ་མཚན་བརྗོད་དུ་མེད་པས་ནོར།ལྭ་བ་བརྗེས་ནས་ཤིག་འཆི་རུ་འཇུག་པ་དེས་ཤིག་ལྟོགས་གྲིར་འཆི་དགོས་པས་འུ་ཅག་གི་ཟས་སྐལ་བཅད་པ་དང་གཅིག་ཡིན་ཕྱིར་ལུས་ལ་ཤིག་ཇི་ལྟར་མང་ཡང་རང་དགར་འཇོག་པ་ལས་འོས་མེད་བྱིས་པའི་དུས་སུ།
       རང་རེས་འགའ་སྤྱང་བོ་ཡིན་ཅིང་།རིག་པ་བཟང་།རང་ལོ་དྲུག་པར་རང་གི་ཕ་ལས་ཡི་གེའི་ཀློག་ཡུན་ཙམ་ལ་བསླབས་པས།དབྱངས་གསལ་སོ་བཞི་བོ་ལུགས་འབྱུང་དང་ལུགས་ལྡོག་གང་ལྟར་བྱས་ཀྱང་ཤར་མར་ཀློག་ཐུབ་ཅིང་།རེ་རེ་བཞིན་གྱི་དབྱིབས་ཙམ་བློ་ངོར་འབྲི་ཞེས་པར་གྱུར་བས་ཀུན་གྱིས་ཡ་མཚན་མཚན་བྱེད།ཡང་ཉིན་ཞིག་ང་རང་ཨ་ཞང་གིས་གཞུག་དེད་ནས་རྫི་བོར་ཕྱིན།དགོང་མོ་ཕྱིར་སླེབས་ཚེ་ཟོག་ཁ་ཤས་ད་དུང་རི་འགོར་ལྷག་འདུག་པ་ལ་ངེད་ཀྱི་ཨ་མས་ཨ་ཞང་ལ་མང་དུ་སྤྲོས་པ་ངའི་བློ་ངོར་ཤིན་ཏུ་མ་འཐད་པར་ཁ་ཕོ་དང་བཅས་གཅིག་པུར་གསང་སྟབས་ཀྱིས་ཟོག་དེ་དག་འདེད་དུ་ཕྱིན།ལམ་བར་དུ་ས་རུབ་པས།ཁྱིམ་མི་དག་ང་རང་འཚོལ་དུ་འོང་ནས་ངའི་མིང་ནས་འབོད་བཞིན་པ་ཐོས།ལན་འདེབ་རྩིས་ལ་བྱིས་སྒྲུང་འགའ་ཞིག་ཏུ་མཚན་འདྲེ་དག་མི་སྲོག་ལེན་དུ་འོང་ཚེ་མི་དེའི་མིང་ནས་འབོད།དེ་ལ་ལན་བྱིན་ཚེ་ཚེ་སྲོག་འཆོར་ལ་མ་བྱིན་ན་ཁོ་རང་ཐབས་ཟད་ནས་ཕྱིར་ལོག་འགྲོ་ཟེར་བ་ཕྲལ་མར་དྲན་པས་ལན་སྟེར་མ་ཕོད།འོན་ཀྱང་གལ་ཏེ་མི་ཡིན་ན་ལན་མ་བྱིན་ཚེ་ང་རང་དུ་ཡོད་མི་ཤེས་པས་མི་རྙེད་སྙམ་ཅི་བྱ་གཏོལ་མེད་པར་གྱུར་བ་ན།གློ་བུར་དུ་ཐབས་རྙེད་དེ།ཨ་མའི་མིང་ནས་ཕར་རྐྱང་འབོད་བྱས་པས།དེ་དག་གིས་ང་རང་བདེ་བླག་ཏུ་རྙེད་ལ།ངའི་སྲོག་ཀྱང་འདྲེ་ལ་མ་ཤོར།འོན་ཀྱང་རེས་འགའ་ནི་ཤིན་ཏུ་གླེན་པའང་ཡིན་ཏེ།ང་རང་རང་ལོ་བརྒྱད་ལ་ལོན་པའི་ལོ་དེར་ཐོན་སྐྱེད་རུ་ཁག་གི་ཡོང་འབབ་བགོ་བཤའ་རྒྱག་སྐབས་ཀྱི་གནས་ཚུལ་གླེང་སྐབས་ཤིག་ལ།ངའི་ཨ་ཕས་འུ་ཚང་གི་སྐར་གྲངས་ན་ནིང་ལས་ཉུང་བར་འདུག་ཅེས་སྨྲས་པ་ཐོས་པས།ངས་དེ་འཕྲལ་"མི་སྲིད་དེ།ད་ལོ་ང་རང་གཅིག་པའི་ཐོབ་སྐར་ལའང་མི་ཉུང་བ་ཞིག་ཡོད།"སྨྲས་པས་ཁོང་ཚོས་ངའི་གདོང་ལ་མཚར་ལྟས་བྱེད།ངས་"ཡིན་ཏེ།ངས་རྒྱུགས་སྤྲད་ཐེངས་རེར་སྐར་མ་དགུ་བཅུ་ཐམ་པ་མན་དུ་ལྷུང་མ་མྱོང་།"ཞེས་འགྲེལ་བཤད་བྱས་པས།ཚང་མ་ཧབ་ཆ་ཐག་གེར་སོང་།ཡང་སྐབས་ཤིག་ལ་ཨ་ཕ་ལ་ཐ་མག་ཉུང་ངུ་ལས་མེད་པ་ལ།རྒྱུན་པར་གཞན་ལ་ཐ་མག་སློང་བས་ཁ་འཕུད་མཁན་ཞིག་ཡོད་པ་དེ་ངེད་ཚང་ལ་འོང་བ་མཐོང་འཕྲལ།ཨ་ཕས་ཐ་མག་བག་ཆ་ཞིག་ང་ལ་སྤྲད་ནས་དེ་མི་མཐོང་ས་ཞིག་ཏུ་སྦོས་ཤིག་ཅེས་བགོ་བ་བཞིན་བགྱིས།འགྲུལ་བ་དེས་ཇ་བཏུང་ཟིན་ནས་ཕྱིར་ལོག་རྩིས་བྱས་སྐབས།ངས་འགྲུལ་བ་དེ་ལ"ཁྱོད་ཀྱི་ངས་ཐ་མག་གང་དུ་སྦས་ཡོད་པ་ཡེ་ནས་མ་ཁེད་པས།ད་ཁྱོད་རང་ཕམ་སོང་།མ་ཎི་ཚར་གཅིག་ཐོན་དང་ངས་ཁྱེད་ལ་སྟོན་ཆོག"ཅེས་སྨྲས་པས་རང་གཞན་ཚང་མ་ཤིན་ཏུ་བག་མི་ཕེབ་པར་བྱས་སོང་།
       ཅི་ཡིན་མི་ཤེས་པའི་རྒྱུ་མཚན་ཞིག་གིས་ང་རང་ཆུང་ངུ་ནས་སློབ་གྲྭ་ལ་འགྲོ་དགའ་བོ་ཡོད།ད་ལོ་སློབ་མ་བསྡུ་རྒྱུའི་ལས་འགན་ཡོད་ཅེས་པ་ཞིག་ཨ་ཕའི་ཞལ་ནས་ཐོས་པའི་ཉིན་ནས་བཟུང་།ངས་ཨུ་ཚུགས་མཐའ་སྐྱེལ་གྱིས་ང་རང་སློབ་གྲྭར་འགྲོ་རྒྱུ་ཡིན་ཅེས་སྨྲས་པ་ལ་བརྟེན།རང་ལོ་བདུན་པར་དཔོན་སྐོར་སློབ་ཆུང་དུ་ཞུགས།ལོ་བཅུའི་སྟེང་ནས་རྒྱུ་མཚན་འགའ་ཞིག་གི་དབང་གིས་ཕྱིར་ཁྱིམ་དུ་ལོག་ནས་བསྡད་པ་ལ།རང་ལོ་བཅུ་དྲུག་ཏུ་ལོན་པའི་དབྱར་དུས་ཀྱི་ཉིན་ཞིག་ལ་བོད་སྐད་རྒྱང་སྒྲོག་ལས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མ་བསྡུ་གྲུབ་བྱེད་བཞིན་ཡོད་ཟེེ་བ་ཙམ་ཐོས་པ་ནས་བཟུང་ཡང་བསྐྱར་ཨུ་ཚུགས་བྱས་མཐར།ཨ་ཕས་རང་རྟོགས་དང་ཨ་མ་དང་ཨ་ཕྱི་གཉིས་གཞན་དབང་དུ་གྱུར་ནས་ང་རང་སློབ་གྲྭ་འགྲོ་བར་འཐད་པ་བྱུང་།དེ་བཞིན་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ལྷན་དུ་འཛོམས་པའི་དབང་གིས་ངའི་ཧ་ཅང་ཚད་ལས་བརྒལ་བའི་ཧམ་སེམས་དེ་འདྲ་ཡང་མངོན་དུ་གྱུར་བས།
སྤྱི་ལོ་1975(༡༩༧༥ལོར་ང་རང་གློ་བུར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མར་གྱུར།ངས་སློབ་འབྲིང་གི་སློབ་ཚན་མ་བཀླགས་ཤིང་།སློབ་ཆུང་གི་སློབ་ཚན་ཧྲིལ་བོར་དེ་ལོ་གསུམ་གྱིས་བཏོན་ཟིན་ཁུལ་བྱས།བཀླགས་ཐག་ཆོད་ནི་<<ཧོར་གླིང་གཡུལ་འགྱེད།>>ཀྱི་སྒྲུང་དཔེ་ཡིན།ང་རང་ལོ་བདུན་སྟེང་སློབ་ཆུང་དུ་ཞུགས་སྐབས་སློབ་གཉེར་དགའ་ཙམ་ཡིན་ཏེ།དགེ་རྒན་ལགས་ནས་"ཀ(ལ)གབཞག་ཀག"སོགས་བསླབས་པས་ཁ(ཁ)ག་བཞག་སོགས་སློབ་མི་དགོས་པར་ངར་ཤུགས་ཀྱིས་སྒྲ་གདངས་ཀྱི་ཆོས་ཉིད་དང་བསྟུན་ནས་ཀློག་ཐུབ་པར་ཡོད།དེ་དུས་སློབ་ཆུང་གི་སློབ་ཚན་ལ་བོད་ཀྱི་སྐད་ཡིག་དང་བོད་སྐད་ཀྱི་གྲངས་རྩིས་ལས་ཆེར་མེད་པས།དེ་ལོ་གཅིག་དང་ཕྱེད་ཙམ་གྱིས་ཡོངས་སུ་ཤེས་ཁུལ་གྱི་ང་རྒྱལ་ཞིག་བྱས་པས།དགེ་རྒན་ལགས་ནས་ང་ལ་དམིགས་བསལ་བྱས་ཏེ་སློབ་ཁྲིད་དུ་ཞུགས་མི་དགོས་པར་གཅིག་པུར་<<མའོ་རྩོམ>>ཀློག་ཏུ་བཅུག དེ་ནས་ལོ་གཅིག་ལྷག་རིད་ངས་<<མའོ་རྩོམ>>དེབ་དང་བོ་ནས་བཞི་བ་བར་ཡུན་གྱིས་བཀླགས་པས།"གྲལ་རིམ"དང་"གསར་བརྗེ"སོགས་ཀྱི་དགོངས་པ་མ་ལོན་ཡང་བོད་ཡིག་ལ་གོམས་འདྲིས་ཆེས་ཆེར་སོང་།ཕྱིས་སུ་དུ་ཕྱིན་ཚེ་སྒྲུང་ཡིག་དང་གསར་འགྱུར་སོགས་གཡས་གཡོན་དང་མགོ་མཇུག་གང་རུང་ནས་བཀླགས་ཀྱང་ཤིན་ཏུ་དག་ཅིང་མགྱོགས་པ་གཞན་ལས་ལྷག་པར་ཀློག་ནུས་པ་ཙམ་དུ་འདུག
       བྱིས་པའི་དུས་ཀྱི་འཚོ་བ་དྲན་ཡུལ་ན་རྟག་པར་གསལ་བ་ནི་དཔོན་སྐོར་སློབ་ཆུང་ན་ཡོད་སྐབས་ཀྱི་སྐོར་ཡིན་པས།སྤྱི་ལོ༡༩༨༥(1985)ལོར་ཁོ་བོ་ཆེད་དུ་གནས་དེར་ཞིབ་པར་བལྟ་རུ་ཕྱིན།གནས་དེ་ནི་བོད་མདོ་ཁམས་སྒང་དྲུག་ལས་རྨ་རྫ་སྒང་ལ་གཏོགས་པའི་བྱང་སྟོད་སྙིང་ལུང་གཙང་བོ་དལ་གྱིས་འབབ་པའི་འགྲམ་རྒྱུད་ཡིན།དེ་ཡང་སྲིབ་ངོས་ཀྱི་རི་རྒྱུད་དག་ཤིང་ཕྲན་གླང་མ་དང་།ཉ་ཕྲུག  སུ་རུ།སྙག་མ་སོགས་ཀྱིས་རྫོབ་མཐུག་པོར་དཀྲིགས་པས་མདོག་གནག་ལ་མདངས་སྣུམ།ཉིན་ངོས་ཀྱི་རི་ཚོགས་དག་འཇམ་མཉེན་རྩྭ་ལྗང་གི་ལོ་མས་ཁེབས་པ་ལ།དབྱར་དུས་རི་འདབས་ཀྱི་གདོང་ཕྲན་དང་ལེབ་ངོས་དག་ཏུ་ས་མཐོའི་རི་སྐྱེས་ཀྱི་མེ་ཏོག་མོན་དཀར་དང་།དངུལ་ཏིག འཁན་པ།གསེར་མགོ ཟངས་ཏིག མེ་ཏོག་སེར་ཆུང་།(མེ་ཏོག་ཁ་ཚ) ས་ཞག་དཀར་པོ།འཇིབ་རྩི་དཀར་པོ་དང་སྨུག་པོ།དཔལ་ལྡན་ཇོ་བོ་རྗེ་གང་གི་ཞལ་ནས་རྒྱ་གར་ན་མེད་པ་བོད་ཡུལ་གྱི་བསོད་ནམས་སུ་བསྔགས་པའི་མེ་ཏོག་ཤང་ཤིང་དྲིལ་བུ་སྨུག་པོ་དང་དཀར་སེར།ཨུཏ་པ་ལ་སེར་བོར་གྲགས་པ་རྐྱང་ཤོག་ཆུན་པོ་སོགས་དུས་དང་བསྟུན་ནས་ས་ཁུགས་དང་ས་ཁུགས་གང་བར་སྐྱེས་པ་དཀར་སེར་དམར་གསུམ་གྱི་ཚོན་རིས་ཆེད་དུ་བྲུགས་པ་ལྟ་བུ་ལ་ཉི་འོད་ཕོག་ཚེ་འོད་མདངས་ལམ་ལམ་འཚེར་བས་མ་གོམས་པའི་མིག་ལ་གཟན་པ་སྟེར་བར་བྱེད།བར་གྱི་ནེའུ་གསིང་གི་ཐང་དུ་རྩྭ་སྔོན་གྱི་སྨྱུ་གུ་ཕྲ་ལ་ཐུང་ངུ་སྐྱེས་པས་ཁེབས་པ་ལ།སྤང་ཤ་ཤིན་ཏུ་སྲ་ཞིང་མཚམས་མཚམས་སུ་སྤང་དྲེག་ནག་པོ་དང་དཀར་པོ་ཐར་ཐོར་དུ་ཆགས་པས་ཅུང་ཟད་ཁྲ་བོར་ཡང་སྣང་།དགོང་ཞོགས་སུ་བསིལ་རླུང་ཡང་བར་ལྡང་བས་མེ་ཏོག་དང་རྩི་སྨན་སྣ་ཚོགས་ཀྱི་དྲི་ངད་ཕྱོགས་དང་ཕྱོགས་སུ་སྐྱེལ་བར་བྱེད་པས་ཁམས་དང་སྣང་བ་དྭངས་བར་སྐྱེད་པ་བོད་བྱང་འབྲོག་གི་བག་ཆགས་བརྟས་པ་ཞིག་ལ་སྣང་བ་དགའ་ཞིང་ཚོར་བ་སྐྱིད་པའི་ཉམས་ཤིག་བསྙོན་མེད་དུ་སྟོབ་པར་བྱེད།
       གནས་དེ་ན་ཨ་མ་རོག་མ་དང་ཨ་མ་དྲེད་མོས་གྲོ་མ་རྟ་མགོ་ཙམ་བརྐོས་ཤུལ་མཐོང་དུ་ཡོད་ཅིང་ཁོ་བོའི་བྱིས་དུས་ཀྱི་དགོད་སྒྲ་དང་བག་ཡངས་ཀྱང་ཨ་ལྕེ་འབྲུག་མོའི་མགུལ་རྒྱན་དང་ལྷན་ཅིག་འཐོར་ཡོད།ཡིན་ཏེ།ཕ་གིའི་སྤོ་ཐོ་ལས་བྱས་པའི་ཁང་བུ་གཞོགས་གཅིག་ཞིག་རལ་ཏུ་གྱུར་ཅིང་།ཅིག་ཤོས་ད་དུང་ཡང་བཞེངས་བའི་ངོས་རྩྭ་ལྡུམ་གྱིས་ཀུན་ནས་དཀྲིས་པ་དེ་ནི་ང་རང་དང་པོར་སློབ་གཉེེར་བྱས་པའི་གནས་ཏེ།དེ་དུས་ཀྱི་དཔོན་སྐོར་སློབ་ཆུང་གི་ཁང་ཤུལ་ལགས།དེ་དུས་སྡོད་གནས་སྤོ་ཐོ་ཡིན་ལ།མལ་ཁྲིའང་སྤོ་ཐོོ་ཡིན།མུ་འབྲེལ་མལ་ཁྲི་རིང་མོ་དེ་འདྲའི་སྟེང་ངེད་ཅག་མི་བཅུ་སྐོར་ལྷག་རེ་མདའ་མོ་ཕྲེང་ལ་བསྒྲིགས་པ་ལྟར་སྟར་ཆགས་སུ་ཉལ་བར་བྱེད་པས།ཤིག་དང་སྲོ་མ་ལ་ཟ་ཁ་ཤིན་ཏུ་དར་ཏེ།ཕྲེང་མགོ་ནས་ཕྲེང་རྔ་བར་རིགས་རྒྱུད་མྱུར་མ་མྱུར་བར་སྤེལ་ནུས་ཤིང་།ལྷོ་རྒྱབ་ཀྱི་ལོངས་སྤྱོད་འབེལ་བོར་ཡོད།ངེད་ཅག་སློབ་བུ་དག་ནི་དེ་ལས་ལྡོག་སྟེ།ཐུན་མོང་དུ་ཟ་ཁང་བྱ་བ་མེད་པར་སློབ་མས་རང་གིས་བཟུང་བའི་གྲོ་ཆས་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་གྲོ་ཆད་པའི་གནས་ཚུལ་སུ་ལའང་རྟག་ཏུ་འོང་།སློབ་མ་ཆེ་གྲས་དག་"གྲོ་ལེབ"བམ་"གྲོ་སྡོང"བྱ་བའི་བརྡ་ཆད་ཅིག་ལག་བསྟར་བྱེད་དགའ་བོ་ཡོད་པས།རྟག་པར་མི་དུ་མའི་གྲོ་ཆས་གཅིག་ཏུ་བསྲེས་ནས་མཉམ་པས་བཟའ་བར་བྱེད།    དེ་ལྟ་བུའི་ཐུན་མོང་རིང་ལུགས་ཆེན་པོ་ལས"རྒྱུན་མཐོང་ནད་རིགས"ཤིག་ཡིན་པས།བདག་གིས་ཀྱང་ལྕགས་གྲི་བཙལ་བོ་ཐང་ནས་རྙེད་པ་ཞིག་བཟུང་ནས་མི་གསོད་པའི་དམ་བཅས་པ་དྲན།འོན་ཀྱང་རྟག་པར་ནི་ཆུར་བ་རྡོག་པོ་ཆེ་བ་ཞིག་འཕངས་པ་དབྲལ་བར་བབས་པའམ་རྩམ་ལྡུམ་ཚ་མོ་ཞིག་སྟེང་དུ་ཕོ་བ་ཙམ་གྱིས་བུད་མོ་འདོན་པའི་སྡར་མ་མདོ་ཤོར་ཞིག་ཡིན།སྟབས་ལེགས་པ་ལ་ཕྲན་པ་བྱིས་པའི་དུས་སུ་རྒན་གཞོན་སུ་ཡིའང་སྙིང་དུ་སྡུག་ཙམ་ཡིན་ལ།ལྷག་པར་དུ་སློབ་གྲོགས་བཟང་བོ་རིག་འཛིན་འཕྲིན་ལས་དང་ཀརྨ་ཆོས་འཕེལ་སོགས་ཀྱིས་རྟག་པར་བདག་སྐྱོང་བྱེད་ཅིང་།ཨ་ལྕེ་མོ་བཟང་བོ་ཞིག་གིས་ཀྱང་རྒྱུན་པར་གཅེས་སྐྱོང་བྱེད་པས།ཡིད་ཕམ་པའི་དོན་དག་ཆེར་མ་བྱུང་བ་འདྲ།
       དེ་དུས་སུ་ང་ཡི་གླུ་དང་ལ་གཞས་མང་དུ་ཤེས་ཤིང་།སྒྲུང་དང་གནའ་གཏམ་འཆད་ལ་དགའ།རེས་འགའ་གཅིག་པུར་གནས་ཚེ་སྤང་ཐང་དུ་གན་རྐྱལ་དུ་ལོག་ནས་ནམ་མཁའི་སྤྲིན་གྱི་འདུ་འགོད་ཀྱི་དབྱིབས་དང་རྣམ་པ་ལ་བསམ་ནས།འདི་ནི་ནེ་ཙོ་གཏམ་པ་དང་།དེ་ནི་ཨ་ཁུ་སྤྱང་ཀི་ཡིན་པར་རབ་ཏུ་རྟོག་བཞིན་ཡོད་ཡུན་རིང་འགོར་འགྲོ་བའང་ཡོད།དེ་བས་ཀྱང་རྩེད་འཇོའི་རིགས་སྣ་ཚོགས་ལ་ཤིན་ཏུ་དགའ་བས།ཕ་གིའི་ཆུ་འགྲམ་དང་།མ་གིའི་གད་རྒྱུད།ཡ་གིའི་ཐང་ཁུགས་སོགས་དུའང་ངེད་ཅག་རྩེ་མ་མྱོང་བའི་གནས་མེད་པ་ཁོ་ཐག་ཡིན།ང་ཚོར་བོད་སྔ་རབས་དུས་ཀྱི་བྱིས་པ་ཚོས་གསར་བཏོད་བྱས་པའི་མཐོ་སྒང་འབྲོག་ཁུལ་གྱི་ཁོར་ཡུག་དང་འཚམ་པ།ཤེས་རབ་ཀྱི་སྒོ་མོ་འབྱེད་ཅིང་།བརྩོན་འགྲུས་ཀྱི་མལ་ལས་སློང་ལ།ལུས་སེམས་བདེ་ཐང་ངང་འཚར་དུ་ལོང་བའི་གྲོགས་སུ་འགྲོ་བའི་རྩེད་འཇོའི་རྣམ་གྲངས་བགྲང་ལས་འདས་པ་ཞིག་ཡོད་པ་ལས།ངེད་ཅག་རྒྱུན་པར་རྩེ་ལ་དགའ་བ་ནི་ཨ་ཡས(ཨ་ཕྱི)རེས་རྔ་དང་།འབྲི་བེའུ།ཝ་ཤ་ཁྱི།འབྲུག་སྐོར་བ།ཕྲེང་བ་རྒྱལ་འཇོག  རྒྱ་ལུག་བཤའ།ཁྲ་བྱིའུ།འབེན་ལེའུ་བདུན་མ།ཟླ་ཉི་མ།བཞའ་རེས་འཚོལ་རེས།ཐ་གུ་ཐག་ལྡིང་སོགས་ཡིན་ལ།གཞན་ཡང་ངེད་ཅག་གིས་ཁ་སྐད་ལ་ཆབ་འཕེན་པ་ཟེས་པ་འབའ་རྡེའུ་རྩེ་བ་སྟེ།རྣམ་གྲངས་ལའང་བཙན་ཆབ་དང་།སྒུར་ཆབ།སྤུངས་ཆབ།དགུ་འགྲིག་དང་།གཅུག་འགྲིག  ཧོར་གླིང་གཡུལ་འགྱེད།རྒྱལ་པོ་མགོ་གཅིག་ནས་མགོ་བརྒྱད་བར་སོགས་མིག་མང་གི་རིགས་སྣ་ཚོགས་བཅས་རྩེན་ལས།སློབ་ཁྲིད་ཀྱི་བར་གསེང་སོགས་ངལ་གསོའི་དུས་ཚོད་ཡུན་གྱིས་འཕུལ་བར་བྱེད།
    དེ་ལྟར་ཡོལ་སོང་།<<མའོ་རྩོམ>>དང་གླིང་སྒྲུང་ཙམ་གྱི་ཁར་<<ཀུན་བཟག་བླ་མའི་ཞལ་ལུང་>>དང་།<<རྩ་མདོ་ཆུ་མདོ>>ལའང་བག་ཆགས་ཅུང་ཙམ་ཞིག་འཇོག་ཁུལ་བྱས་པ་ལས་གཞན།རིག་པ་དྭངས་ཤིང་རང་བཞིན་མ་བཅོས་པ་བྱིས་པའི་དུས་ནི་ཕལ་ཆེར་དེ་ལྟར་རྣམ་གཡེང་དང་རྩེད་འཇོའི་ངང་ནས་ཡོལ་སོང་།དེ་ལྟར་ནའང་།གལ་ཏེ་ང་ལ་བྱིས་པའི་འཚོ་བ་དེ་ཡང་སྐྱར་འགོ་ནས་འཛིན་པའི་གོ་སྐབས་ཤིག་ཐོབ་ན་ནི།བདག་གིས་སླར་ཡང་གནས་དེ་ཀ་རུ་ཚུལ་དེ་ལྟར་གཏོང་བ་ལས་གདམ་ང་གཞན་དུ་མི་བྱེད་ཐག་ཆོད་ཡིན།

ལང་ཚོའི་འགྱུར་ཁུགས།

        ངས་སྐད་ཆ་ཆེན་པོ་དེ་ཙམ་ལབ་མ་མྱོང་།འོན་ཀྱང་ང་ལ་ཕུགས་བསམ་བྱ་བ་ཞིག་ཡོད་མྱོང་ལ།དེའི་དོན་དུ་ཁ་ཕོའང་བཅངས་མྱོང་།ངས་ན་ཚོད་ཆུང་ངུའི་དུས་ནས་འདི་ཕྱོགས་ལ་བསམ་བློ་འདི་འདྲ་ཞིག་སྐོར་མྱོང་།འཇིག་རྟེན་ན་མི་སྐྱེས་པ་གྲངས་མེད།གནམ་ས་སྒུལ་སྐྱོམ་བྱེད་པའི་བྱ་བཞག་ཆེན་པོ་རྩོམ་ཐུབ་མཁན་རེ་གཉིས་ལས་མེད་ལ།དེ་འགྲུབ་མཁན་དེ་བས་དཀོན།དེ་ལྟ་ནའང་དཀྱུས་མ་ལ་དག་ལའང་རང་དང་འཚམ་པའི་མི་ཚེའི་དམིགས་བྱ་རེ་ཡོད་ན་ཅིས་མི་ཆོག  དེ་ལ་རབ་ཡིན་ན་ཕྱི་རབས་ལ་ལག་རྗེས་རེ་འཇོག་དགོས།དེ་མིན་ཀྱང་རང་ཉིད་གཅིག་པུའི་ལྟོ་རྒྱབ་ཙམ་ཁོ་ན་ལས་ཅི་ཡང་འདང་རྒྱག་མེད་པ་ནི་ཤིན་ཏུ་ཐ་ཤལ་སྙམ་པའི་བློ་ཞིག་ཡོད།ཕྱིས་དེ་ལྟ་བུའི་བློ་དེ་རིམ་གྱིས་འཕགས་ནས་མི་རིགས་ཀྱི་དོན་བྱ་བ་ཞིག་ཀྱང་ཡིད་བཅངས་མྱོང་།དེ་ཡང་ཤེས་བརྩོན་གཉིས་ལྡན་གྱི་གནའ་བོའི་མི་རིགས་འདིའི་ལ་རྒྱ་ཟིན་པ་ཤིན་ཏུ་དཀའ།འོན་ཀྱང་རང་ཉིད་བོད་ཀྱི་ཨ་མར་སྐྱེས་ཕྱིན་མི་རིགས་དེའི་རྐང་མི་འདྲུ་བམ་མཚང་དུ་མ་གྱུར་བ་ཞིག་ཅིས་ཀྱང་དགོས་ཞེས་སྙམ་མྱོང་མོད།ད་ལྟ་འདི་འདྲ་ལབ་ན་ཀུན་གྱི་འཕྱ་བཞད་སོང་།འོན་ཀྱང་སློབ་གཉེར་སོགས་ཀྱི་སྐབས་ཀུན་ཏུ་ནི་དེའང་འདིའི་ཆེད་དུ་ཡིན་སྙམ་པའི་བློ་ཞིག་སྐྱེས་པ་མི་དྲན་ལ།ཐ་ན་སྐབས་མང་པོ་ཞིག་དུ་བསླབ་པར་བྱ་བ་གང་ཤེས་ན་ཕན་པ་ཅི་ཞིག་བདོག་ཙམ་ལའང་འདང་རྒྱག་མ་མྱོང་བར།འདི་ཅིས་ཀྱང་ཤེས་དགོས་ཙམ་ཁོ་ན་སྙམ་ནས་ཡོད།
      གོང་སྨྲས་བཞིན་ང་རང་ལོ་ན་ཆུང་ཞིང་རིག་པ་གསལ་བའི་དུས་སུ་སློབ་གཉེར་ཀྱི་སྐལ་བ་ཆེར་མ་ལྡན་མོད།གློ་བུར་དུ་"རིག་སད་དེ"སློབ་གྲྭ་ཆེན་མོའི་སློབ་མར་གྱུར་བའི་ཚེ་འང་"འབྲོག་དབེན"དུ་ཡུན་རིང་བསྡད་པས་མཐོང་ཐོས་ཉུང་ཕྱིར་ཀླད་པ་སྟོང་ཧང་ངེར་ཡོད་པའི་རྐྱེན་ཡིན་པ་འདྲ་སྟེ།རིག་པ་འཇུག་བདེ་ལ་དྲན་བཟང་བ་ཙམ་ཡིན།གང་ལྟར་དགེ་རྒན་དག་ཐབས་མཁས་ཐུགས་རྗེ་ཆེ་བས་སློབ་གཉེར་ལ་ངལ་བ་ཆེར་མ་མྱངས་ལ།དུས་མཚུངས་སུ་ཕར་ཁོང་རྣམས་ལའང་དཀའ་བ་དང་སུན་སྣང་ཆེན་པོ་མ་བསྐྱེད་སྙམ།ཕྱིས་དཀའ་དྲིན་མཉམ་པ་མེད་པའི་སློབ་དཔོན་ཆེན་མོ་༧དམུ་དགེ་རིན་པོ་ནས་སྙན་ངག་ཁྲིད་སྐབས་ཁོང་གི་ཞལ་རྒྱུན་ཁག་གཅིག་ཡིག་ཐོག་ཏུ་སྤེལ་བ་སོགས་ཞབས་ཞུ་ཅུང་ཙམ་ཡང་ཡོང་།སྐབས་དེ་དག་ཏུ་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་དང་།གཟན་དཀར་སྤྲུལ་བའི་སྐུ་མཐོང་ཐུབ་བསྟན་ཉི་མ།ཚེ་ཏན་ཞབས་དྲུང་རིན་པོ་ཆེ།ཤར་གདོང་རིན་པོ་ཆེ།རྡོ་རྒྱལ་སྐུ་ལོ་ཚང་སོགས་གངས་ཅན་ས་ཡི་བསོད་ནམས་ཀྱིས་ཐེག་པར་དཀའ་བའི་དྲན་དབང་གསེར་གྱི་ལྷུན་པོའི་ཕྲེང་ལ་བསྒྲིགས་པ་ལྟ་བུ་དུ་མའི་གསུང་གི་བདུད་རྩི་འཐུང་བའི་སྐལ་བ་བཟང་པོ་སྟེང་དབང་གིས་ཐོབ།དེ་བཞིན་དུ་ཆེ་བ་དུ་མའི་ཁྱད་ཆོས་དང་བཅས་དེང་རབས་བོད་ཀྱི་ན་གཞོན་མཁས་པའི་གྲལ་འགོ་འཛིན་པ་སྐུ་ཞབས་དོན་རྒྱལ་ལགས་ནས་ཀྱང་ལྟ་རྒྱའི་སྒོ་མོ་ཡངས་བར་འབྱེད་ཅིང་དཔྱོད་པའི་བློ་ལ་རྣོ་ངར་འབྱིན་པའི་ཟབ་ཁྲིད་དུ་མ་བསྩལ་ཅིང་།ལས་བྱའི་མཇུག་ཏུ།"སྐྱེས་སྦྱངས་རིག་པའི་འགྲོས་ལྡན་ཅང་ཤེས་ཁྱོད།།རྣམ་གཡེང་ལེ་ལོའི་སྒྲོག་ཏུ་མ་ཚུད་པར།།ཤེས་རབ་བརྩོན་པའི་ལྕག་གིས་སྐུལ་མཛོད་དང་།།ཤེས་བྱའི་ཐད་ཆེན་ཆོད་ལ་གདོན་མི་ཟ།"ཞེས་པའི་ཚིགས་སུ་བཅད་པས་དབུགས་དབྱུང་ཡང་གནང་།འོན་ཀྱང་ཁོ་བོ་ད་ལྟ་ལེ་ལོའི་སྒྲོག་ཏུ་ཚུད།ཤེས་བརྩོན་གྱི་ལྕག་ཀྱང་བོར།ཤེས་བྱའི་ཐང་མཐའ་ཙམ་ཡང་མ་ཟིན་པར་ལུས་པ་ཁོང་གིས་ག་ལ་དཔོགས།  ཡིན་ཏེ།   ཁོ་བོའི་མི་ཚེ་ཕྱེད་ཀ་དེ་ཕལ་ཆེར་སྙོམ་ལས་ཀྱི་ངང་ནས་ཤོར་སོང་།ཁོ་བོ་རང་ལོ་བཅུ་གསུམ་པ་ཕ་ཡུལ་དུ་སྡོད་པའི་སྐབས།བོད་ཀྱི་གསོ་རིག་འཛིན་པ་གྲགས་ཅན་མགོ་ལོག་སྟག་བླ་ནོར་བུའི་དངོས་སློབ་ངང་བ་དཔལ་མགོན་དང་རྒྱའི་སྨན་པ་མིང་གྲགས་ཅན་གཉིས་ཀྱི་རྗེས་སུ་ཞུགས་ཏེ་གསོ་བ་རིག་པ་ལ་སྦྱང་ཁུལ་ཙམ་བྱས་ཀྱང་ལྷ་རྗེ་བྱེད་པའི་ལམ་མ་འོང་།རང་ལོ་ཉི་ཤུའི་སྟེང་རྫོང་དྲིལ་སྒྲོག་པུ་ཡི་པུ་ཀྲང་གི་འགན་ཁུར་ཞིང་།འགྲོ་ཁྲིད་རྣམ་པ་ཚོས་ཀྱང་སྲིད་འཛིན་ཕྱོགས་སུ་ལོངས་བའི་རེ་བཞག་མི་ཆུང་བར་བཟུང་ཡང་།"དཔོན་ས"ཟིན་པའི་མི་མིན་པ་འདྲ།ཕྱིས་ངན་པ་ཡར་སར་བཞག་སྟེ།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་དགེ་རྒན་དང་།ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ།མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ལས་ཀ་སོགས་ལས་རིགས་སྒྲིབ་པའི་གོ་སྐབས་ཐོབ་ཏུ་འོང་ཡང་།མཇུག་མཐར་དེ་ཡི་སྐལ་བའང་མ་ལྡན།ཆུང་ངུའི་དུས་སུ་འགྱུར་ཡིག་ཡུན་རིད་བཀླགས་པའི་བག་ཆགས་ཀྱི"འཕེན"ཡིན་ནམ་ལོ་ཙཱ་བ་ཡི་ལས་ལ་ཞུགས་པས་ད་ལྟ་སྐད་སྒྱུར་ཞུས་ཆེན་གཞོན་པའི་མིང་ཙམ་འཛིན་ཁུལ་བྱེད།དེ་ལྟ་ནའང་འབྲས་བུ་ཅུང་ཟད་ཐོབ་པ་ནི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ཡིན་པ་འདྲ།བྱིས་པའི་དུས་སུ་གནའ་སྒྲུང་ཡག་པོ་རེ་ལ་ཉན་རྗེས་འཕྲལ་མར་དེ་ལ་ལད་རྩོམ་བྱས་པའི་གནའ་དཔེ་འདྲ་ཆག་རེས་བྱིས་པ་གཞན་དག་ལ་ཚེགས་མེད་དུ་"མགོ་གཡོག"གཏོང་ཐུབ་ཅིང་།གནམ་ལ་གཟར་སྐར་བཀྲ་བ་དང་།ས་ལ་གཙང་ཆེན་རྒྱུ་བ།བར་སྣང་དུ་སྤྲིན་པ་ལྡང་བ་སོགས་ལྷན་སྐྱེས་ཀྱི་ཆག་ཆགས་སུ་འཆད་རུང་ཙམ་ཡོད་པའི་ཁར།ཕྱིས་སུ་རིག་པའི་འགྲོ་ཕྱོགས་སྒྱུར་སྟངས་དང་བློ་ཁ་ཁྲིད་ཕྱོགས་སོགས་ཀྱི་དབང་གིས་རྩོམ་རིག་དང་ཁྱད་པར་སྙན་ངག་ཕྱོགས་ལ་མོས་པ་ལྷག་ཙམ་ཐོན།བརྩོན་པ་ཅུང་ཟད་ཀྱང་བྱས།ཁྱད་པར་དུ་རང་བཞིན་མི་རིགས་ཀྱི་གནའ་དེང་ལ་མིག་ལྟོས་བྱེད་ཡུལ་འདོད་བློ་ཚིམ་ཚིམ་དུ་ཡོད་པས།ལད་ཟློས་ཀྱི་རྐང་འགྲོས་ཁུར་མ་ཁྱོར་དུ་སྒྱུར་ཐུབ་པ་བྱུང་།དེ་བས་ཁོ་བོས་ང་རྒྱལ་ང་རྒྱལ་བྱས་ཏེ།"རྒྱབ་ན་ཕ་ནོར་རིག་པའི་གངས་རི་དེ་བརྟན་ཅིང་།།མདུན་ན་མིག་ལྟོས་གསར་བའི་སྐྱེད་ཚལ་འདི་ཡངས་པ།།ན་ཆུང་སྣང་བ་སྐྱིད་པའི་གླུ་དབྱངས་ཤིག་ལོངས་དང་།ཕ་རྗེས་བུ་ཡིས་ཟིན་ལ་ཐེ་ཚོམ་རང་མི་འདུག།"ཅེས་འུད་ཀྱང་ལབ་ཤོར།
      ད་ལྟ་ཕྱིར་འདང་བརྒྱབ་ཚེ།ཆུང་ངུའི་དུས་ནས་རྩོམ་རིག་འབྲི་བ་ལ་དགའ་ཙམ་ཡིན་ཚོད་འདུག་སྟེ།ཕྲན་རང་ལོ་བཅུ་དྲུག་པར་མི་རིགས་སློབ་གྲྭར་རྒྱུགས་སྤྲོད་རྩིས་སྐབས།དགེ་རྒན་གུ་རུ་རྒྱལ་ལགས་ནས་ཚོད་བགམ་ཕྱིར་རྩོམ་ཡིག་ཅེས་ཕྲིས་ཞེས་བཀའ་བགོས་བ་བཞིན་དེ་འཕྲལ"རྩོམ་རིག"རིང་ཐག་ཆོད་ཅིག་བྲིས།ནང་དོན་ཅི་ཞིག་བྲིས་པ་ད་ལྟ་མི་དྲན་ལ།ཡི་གེའང་ཤིན་ཏུ་མི་དག་མོད།སྣང་བ་ལ་ལས་སླ་བ་ཞིག་ཤར་བའི་མོད་ཐོགས་རྡུགས་མེད་པར་བྲིས།ཡུན་རིང་སོང་བས་དགེ་རྒན་ལགས་ཀྱང་སྒུག་མ་ཚུགས་པ་འདྲ་སྟེ།"བྲིས་ཨེ་ཚར"ཞེས་པའི་ལན་འགར་དྲིས་པར་ངས་མ་ཚར་ཞེས་ལན་སྨྲས་པས།ཁོང་ནས་"ད་དེ་ཙམ་གྱིས་ཆོག"ཅེས་ནན་གྱིས་ཚོད་འཛིན་དགོས་པ་བྱུང་།
      ད་ལྟ་བསམ་ན་ཤིན་ཏུ་དགོད་བྲོ་བ་ཉོག་ལ་རིང་བ་ཞིག་བྲིས་པ་ཡོད་པ་ཐག་གིས་ཆོད་མོད།རང་ལ་ནི་ཡིན་སྙམ་པའི་སྣང་བ་ཞིག་ཤར།ཕྱིས་སློབ་གཉེར་གྱི་སྐབས་དག་ཏུ་སྙན་ངག་སོགས་སློབ་ཚེ།ནང་དོན་འགྲོ་ཕྱོགས་ཤིག་གོ་བ་ཙམ་ནས་དེ་ལ་ལད་ཟློས་སམ་དེ་དང་ཕྱོགས་མཚུངས་བའི་རིག་པའི་འགྲོ་ཕྱོགས་ཤིག་འཚོལ་ལ་དགའ་བའི་སྙད་ཅིག་ཡོད།དེའི་དབང་གིས་སྐབས་དེ་དག་ཏུ་རྩོམ་རིག་གསར་རྩོམ་ཕྱོགས་སུ་བརྩོན་མཁན་ཕལ་ཆེར་མེད་ལ།ཕལ་མོ་ཆེར་མཚོན་ན།སྙན་ངག་བྱ་བ་ཕྱི་རབས་པ་དག་ལ་གོ་བ་སྐོན་ཕྱིར་སྔོན་གྱི་མཁས་པས་མཛད་པ་ཡིན་ཕྱིར་དེའི་དགོངས་དོན་རྟོགས་པར་བྱ་བ་ཞིག་ཡིན་པ་ལས།དེ་དང་དེ་འདྲ་གསར་རྩོམ་བྱེད་པ་ནི་ཅི་ནས་ཀྱང་འོས་སུ་མི་ཆེ་བའི་ལས་ཤིག་ཡིན་ཅིང་།ཐ་ན་འཕྱ་བཞད་ཀྱི་ཡུལ་ཞིག་ཏུ་སྣང་པར་རྟོག་པའི་གནས་ཚུལ་འོག སྤོབས་པ་བསྐྱེད་ནས་ལས་བྱ་སོགས་ཀྱང་མི་དགོས་བཞིན་དུ་གནའ་རྩོམ་ལ་ལད་ཟློས་བྱས་ཏེ་བྲིས།སྟབས་ལེགས་པ་ལ་དགེ་རྒན་གུ་རུ་ལགས་ནས་ཁྱད་གསོད་མ་བྱས་པར་ཁོང་གི་ཐུགས་བདེ་བའི་ལས་བྱ་སྙན་ངག་ཏུ་འབྲི་ཁུལ་བྱས་པ་ཞིག་སློབ་གྲྭའི་རིགས་གཞུང་དུས་དེབ་ཏུ་མཚམས་སྦྱོར་བྱས་སོང་བ་དུས་དེབ་ཉིད་དུ་༡༩༧༧(19977)བཏོན་པ་ཕྲན་གྱིས་དང་པོར་སྤེལ་བའི་སྙན་རྩོམ་དུ་གྱུར།དེ་དུས་ང་རང་རང་ལོ་བཅོ་བརྒྱད་ཡིན་པས།དྲོད་ཆུང་དང་བྱིས་བློ་གཅིག་ཏུ་བསྡོངས་པས་ཡིད་དགའ་བ་ལ་ཟུངས་ཁྲག་ཁོལ་བ་ཙམ་བྱུང་།དེ་ནས་བཟུང་སྙན་ངག་གསར་རྩོམ་ཕྱོགས་ལ་བག་ཆགས་ཅུང་ཟད་བརྟས་ཏེ།ར་མིན་ལུག་མིན་སྣ་ཚོགས་ཤིག་བྲིས་ཤིང་སྤེལ་ནས་རང་དང་གཞན་གྱི་དགའ་སྐྱོ་ཆགས་སྡད་ཡང་ཡང་བསླངས།

  ད་ལྟའི་བར་དུས་དེབ་སོགས་སུ་སྤེལ་བའི་སྙན་རྩོམ་རྐྱང་བའི་བརྒྱ་སྐོར་ལས་བརྒལ་ཅིང་།སྐོར་ཞིག་བོད་ཀྱི་སྙན་ངག་ཕྱོགས་བསྒྲིགས་དུ་མ་དང་ཞིང་གཅིག་ལྗོངས་ལྔའི་སློབ་གྲྭ་ཆུང་འབྲིང་གི་གཅིག་གྱུར་སློབ་དེབ་ཏུ་བསྡུས།སྙན་ངག་རིག་གཞུང་སྐོར་གྱི་ཞིབ་འཇུག་ཆེད་དེབ་ཅིག་དང་།སྙན་རྩོམ་ཕྱོགས་བསྒྲིགས་དེབ་ཆུང་ཞིག་པར་དུ་བསྐྲུན།རང་ལོ་ཉེར་བདུན་པར་བོད་ཀྱི་རྩོམ་རིག་ཧྲའོ་ཧྲི་བྱ་བའི་མིང་གོག་ཅིག་བླངས།རྩོམ་རིག་གསར་རྩོམ་དང་ཕུལ་བྱུང་བརྩམས་ཆོས་སོགས་ཀྱི་ཕྱོགས་ཞིང་ཆེན་དང་ཕྱི་ནང་གི་བྱ་དགའ་ཐེངས་དུ་མར་བླངས་ཤིང་།སྟེས་དབང་གི་༡༩༩༡(1991)ལོར་ཀྲུང་གོ་རྩོམ་པ་པོའི་མཐུན་ཕྱོགས་དང་ཀྲུང་ཧྭ་རྩོམ་རིག་ཐེབས་རྩའི་ཚོགས་པ་ནས་གནང་བའི་ཀྲུང་གོའི་ཀྲོང་ཝིན་རྩོམ་རིག་བྱ་དགའ་ཞེས་པའང་དེ་སྔོན་ཐོབ་མཁན་བོད་མི་ཉག་གཅིག་ངོས་ནས་ཁོ་བོར་ཐོབ།    འོན་ཀྱང་དེ་དག་ནི་དེ་ཀ་ཙམ་ཟད་དེ། རང་གིས་བརྟག་ངོར་ནི་ཕྲན་གྱིས་དེ་སྔོན་འབྲི་ཁུལ་བྱས་པ་དག་ཤིན་ཏུ་མ་ངེས་པ་ཞིག་སྟེ།རེས་འགའ་ནི་རང་ལའང་ཡིད་འགུལ་ཐེབས་སུ་འཇུག་ནུས་ཤིང་།རེས་འགའ་ནི་རེར་ནི་ཅི་ཡང་མ་ཡིན་ལ་གང་དུའང་མ་སླེབས་པའི་ལབ་རྡོལ་ཟ་ཟི་ཙམ་དུ་ཟད།ཅུད་ཡིན་སྙམ་དུ་བརྩི་བ་དག་ལའང་ཡིད་བརྟན་འཕེར་མེད་དེ།སྤྱིར་སྤྱི་ཚོགས་ཀྱི་འགྱུར་བ་དང་སྒོས་རང་སེམས་བསླུ་བྲིད་ཅན་འདིའི་རྗེས་སུ་འབྲང་སྟེ་བསམ་པའི་འཁྱེར་སོ་ཡང་ཡང་འགྱུར་བར་བྱེད་པས།ད་ལྟ་བཀླགས་ཚེ་རང་ཉིད་ལའང་སྐྱེངས་པ་སྟེར་བར་བྱེད་པའི་སྔར་གྱི་རྩོམ་དག་ཀྱང་དེང་ཐོག་སྤེལ་བའི་དུས་དེར་ནི་བློ་ངོར་འབབ་པོ་ཞིག་གམ་ཐ་ན་ཤིན་ཏུ་མཚར་སྣང་ཡང་སྐྱེས་མྱོང་། དེ་ལ་བསམ་ན་ཕྱིས་སམ་ད་ལྟའི་ལྟ་ཚུལ་འདི་ལའང་གདེང་ཁེལ་ཆོག་པའི་གནས་ལུགས་ཏིལ་ཙམ་མ་མཆིས། དེའི་ཕྱིར་ངའི་འདི་སྙམ་པའི་ཨུ་ཚུགས་འཛིན་མ་མྱོང་ལ།གཞན་གྱི་དེ་མ་ཡིན་སྙམ་པའི་སྙོན་སྙོན་འཛུགས་ནི་དེ་བས་ཀྱང་བྱེད་མ་མྱོང་།  དེ་ལྟནའང་།  ཁོ་བོ་ཅོལ་ཆུང་བས་ཀློག་པ་པོའི་ངོ་འཛུམ་གྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཞད་ཅིག་ཡོད་ལ།ཁྱད་པར་རྒྱུ་མཚན་གཞན་ཡོད་མི་སྲིད་ལ་ཡོད་ཀྱང་མེད་པའི"ངོ་བསྟོད"ལ་གཙིགས་སུ་འཛིན་ཏེ།དེ་ལ་རང་གིས་ཉག་ཉོག་ཏུ་བྲིས་པ་དེ་དག་ཀློག་མཁན་དག་ལ་དགོས་མཁོ་ཨེ་ཡོད་རྟོགས་ཐུབ།དེ་སྔོན་ཆབ་མདོའི་ཕྱོགས་ཀྱི་ཀློག་པ་པོ་ཞིག་གིས་རྩོམ་དཔྱད་ལྟ་ཚུལ་སྙིང་བསྡུས་ཤིག་ཏུ་ལོ་ཤས་རིང<<སྦྲང་ཆར།>>དུ་བཀོད་པའི་སྙན་རྩོམ་ཁྲོད་འཇུ་སྐལ་བཟང་གི<<ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར>>དང་། ཏིག་ཏ་ཡིས་བརྩམས་པའི<<གྲུ་ཁ་གཞན་ཞིག་ནས་མཐོང་བའི་འཇིག་རྟེན>>གཉིས་ཀ་ལེགས་པར་མཐོང་ཅེས་སྨྲས་འདུག དོན་དུ་གཉིས་ཀ་ཁོ་བོའི་རྩོམ་དུ་གྱུར་བའི་སྟེས་དབང་དེས་བདག་ལ་སྐུལ་མ་མ་ཐེབས་ཤིང་།གདེང་དྲོད་བསྣན་པ་གཞན་ལས་ལྷག་པར་བྱུང་།ད་དུང་བློ་གྲོས་བྱ་བ་ཁོ་བོའི་པིར་མིང་དུ་མ་ཤེས་པས་དུས་དེབ་རྩོམ་སྒྲིག་པ་རྒན་པ་ཞིག་གིས་ཞལ་ནས་གོང་འདྲའི་གཏམ་འཕྲོས་བྱུང་།དེ་དང་དེ་ལྟ་ཁོ་བོར་སེམས་ཤེད་སྣོན་པའི་ལེགས་སྐྱེས་སུ་འགྲོ་བའམ།ཡང་ན་བདག་གིས་དཔའ་རྟགས་བཞག་པའི་ཚུལ་མི་ཉུང་བ་ཞིག་ཡོད་ཀྱང་ད་ལྟའི་སྙོམ་ལས་ཀྱི་ཚུལ་འདིར་བལྟས་ཀྱིན་ཡི་ཆད་དེ་སྨྲ་བ་ལ་ངོ་ཚ་བས་བཞག་གོ།
       དེ་བཞིན་དུ་བདག་གི་རྩོམ་ལ་སྐྱོན་བརྗོད་གནང་མཁན་ཡང་ཡོད་དེ།དང་པོ་ཙ་ན"ཁ་དམ་དྲགས"ཞེས་པ་དང་།ཕྱིས་སུ་བསམ་བློའི་ཆ་ནས་ཕྱོགས་སུ་ལྷུང་བའམ་གཞན་སྐྱོན་བརྗོད་པ་ཐལ་ཆེ་ཞེས་ངག་ཐོག་དང་ཡིག་ཐོག་གང་རུང་ནས་བརྗོད་ཡོད།འོན་ཀྱང་དེ་ལ་ནི"ལན་གྱིས་དབེན་པ་ཕམ་པའི་མཐར་ཐུག"ཏུ་འདོད་པའི་ལྟ་བ་བཟུང་ནས་རང་ལ་དག་སེལ་གྱི་ལམ་ཕྲལ་ཨེ་འབྱོར་མ་བལྟས།རྒྱུ་མཚན་ཡང་སྤྱིར་རྩོམ་ཡིག་གཅིག་གིས་ཀྱང་ཀློག་པ་པོ་མི་འདྲ་བར་བཟང་ངན་བར་མའི་ཚོར་བ་སྐྱེད་ངེས་པ་བསྙོན་མེད་ཡིན་པས།བདག་གི་རྩོམ་བཀླགས་ཚེ་ཁྱོད་ལ་ཚོར་བ་ལེགས་པོ་ཁོ་ན་འཁྲུངས་དགོས་པའི་རེ་བ་འཛིན་པ་བཙན་ཤེད་ཆེས་ལ།རྩོམ་རང་ངོས་ཀྱི་རོ་ཁྱད་པར་མི་འདྲ་བའང་ཁྱད་དུ་བསད་པར་སྣང་།དེ་བཞིན་དུ་རྩོམ་པ་པོ་ཞིག་ལ་མཚོན་ན་གཞན་གྱིས་སྙན་པ་བརྗོད་ཚེ་མིག་སྤུས་ཟུམ་ཟུམ་དང་ཁ་སྤུས་ཞུམ་ཞུམ་བྱས་ཏེ་ཡོད་ཚད་ཁ་རོག་ངང་དང་དུ་ལེན་ཞིང་།མི་སྙན་པ་ཅུང་ཟད་བརྗོད་ཚེ་འཕྲལ་མར་སྨིན་མ་བསྡུས།མིག་འབུར་གཅེས་ནས་"འདི་ལྟར་མ་ཡིན་ན་ཁྱོད་ལའང་.......ཞེས་མཚང་ལ་རྒོལ་བཞིན་ཚམ་ཚོམ་མེད་པར་རྩོད་པའི་གཡུལ་ངོར་བསྲེ་བ་ནི་སྔོན་མུ་སྟེགས་པ་དང་བསྟན་པའི་ལ་རྒྱ་རྩོད་མཁན་དག་ཡིན་ན་མ་གཏོགས།རང་རེའི་ནང་ཁུལ་ལ་འོས་པའི་མི་ཆེ་བར་སྙམ་ནས་བཏང་སྙོམས་སུ་བཞག་པ་ཡིན།གང་ལྟར་ད་ལྟ་རྩོམ་པ་པོའམ་སྙན་ངག་པ་ཞེས་པའི་མིང་སྟོང་བ་ཞིག་ཐོགས་ཟིན།འདི་ལ་དགེ་རྒན་དང་གྲོགས་པོ་དག་གི་རོགས་རམ་དང་སྐུལ་མ་ཐིམ་ཡོད་ལ།ད་ལྟ་གཏན་གྱི་གྲོགས་སུ་གྱུར་བ་མོས་ཀྱང་སྐུལ་མ་དང་རམ་འདེགས་ཙམ་དུ་མ་ཟད།སྙན་ངག་གི་ཚོར་བ་ཡང་ཡང་སྐུལ་མྱོང་བས་བཀའ་དྲིན་མི་ཆུང་།འོན་ཀྱང་གང་ལས་ཀྱང་མང་བ་ནི་རང་ཉིད་ཀྱི་རྔུལ་ཆུ་དང་བསམ་གཞིགས་ཡིན་པར་གདོན་མི་ཟ།དེ་ལྟ་ནའང་ཕྲན་པ་ལེ་ལོ་ཆེ་བའི་ཁར།དེ་སྔོན་ལོག་པར་རྟོག་པར་འབྲས་བུ་གཟེངས་སུ་ཐོན་པ་ནི་རིག་པའི་རང་རྩལ་ཁྱད་དུ་ཐོན་པའི་རང་རྟགས་ཡིན།དེ་མིན་སྡུག་རུས་ཤ་ཐང་ཆད་ཆད་ཀྱི་རྔ་མར་འབྲས་བུ་ཅུང་ཙམ་རྙེད་པ་ནི་སུས་ཀྱང་ནུས་ཕྱིར་ཁྱད་ཆོས་མི་འདུག་སྙམ།སྟབས་ལེགས་པ་ལ་ལོ་ཆུང་དུས་སོགས་སུ་སྔ་མ་ལྟར་གྱི་ཚུགས་ཀ་ཅུང་ཙམ་འོང་སྙམ་ཡང་ཤར།དེ་འདྲའི་མཇུག་འབྲས་སུ་འབད་པ་དང་བརྩོན་པ་བག་ལ་ཞ་བས།མ་གཞིར་ཐོབ་ཆོག་གི་གོ་སྐབས་དང་གྲུབ་འབྲས་དག་ཕངས་སེམས་དང་བཅས་ཤོར་སོང་བས།ད་ལྟ་ཚུལ་འདི་འདྲའི་ནོར་འཁྲུལ་ཆེ་བ་མ་བྱང་སྙམ་པའི་བློ་ཞིག་ད་བཟོད་སྐྱེས།འོན་ཀྱང་འཕྱིས་ཟིན་པ་འདྲ།   ད་ནི་གོམ་པ་དང་བོ་སྤོས་ཟིན།དཔུང་གྲལ་ནས་མ་ལྷུང་བར་གསར་རྩོམ་གྱི་སྙུ་གུ་འཛིན་དགོས་བྱུང་ཡང་།གཏོང་ལ་ཉེ།འོན་ཀྱང་དེ་སྔོན་བྲིས་ལ་དེང་ཕྱིན་ཡང་འབྲི་ངེས་པའི་རྩོམ་ཉོག་དག་ནི་མཚོན་བྱའི་བསམ་བློ་དང་མཚོན་བྱེད་སྒྱུ་རྩལ་གང་རུང་གི་ཆ་ནས་བོད་མི་རིགས་དང་དེའི་རིག་གནས་གསར་བར་དངོས་དང་བརྒྱུད་ནས་རྒྱ་མཚོར་ཆུ་ཐིགས་བསྣན་པ་ལྟ་བུའི་ཕན་པ་ཅུང་ཟད་ཅིག་ཨེ་ཡོད་སྙམ་པའི་ཀུན་སློང་བཟང་པོས་བསླངས་ཏེ་བྲིས་ཤིང་འབྲི་ངེས་ཤ་སྟག་ཡིན།ཡིན་ཏེ་འཇུ་སྐལ་བཟང་ད་དུང་ལེགས་ན་དགེ་མཚན་བོད་ལ་འབུལ།ཉེས་ན་ཁག་ངན་བདག་ལ་དཀྲིས"ཞེས་པའི་སྔར་སྨྲས་ཀྱི་ཚིག་ལ་གནས་པར་ཡིད་ཆེས་གནང་རོགས་དང་བཅས་ཁྱོད་ཉིད་ཞལ་དྲོ་བའི་སྨོན་པས་རེ་ཞིག་རྩོམ་རིག་འདིའང་མཇུག་བསྡུ་བར་བྱས་སོ།།

      བདག་གི་དེ་སྔོན་བྲིས་པའི་ཁྲོད་རང་གི་བློ་ངོར་བདེ་ཙམ་ཡོད་པ་ནི་<<ལམ་ཕྲན་དུ་ལུས་པའི་གཏམ>>(དོན་བརྗོད་སྙན་ངག་རིང་མོ)ཡིན་ལ།བློར་ཤིན་ཏུ་མི་འབབ་པ་ནི།<<མེ་མདའི་ལས་དབང་།>>ཡིན།བདག་གི་སྣང་ངོར་ཤིན་ཏུ་དོན་ལ་གནས་ཤིང་རྗོད་བྱེད་ཀྱང་ཆེས་ཉམས་དང་ལྡན་པའི་ལེགས་བཤད་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བློན་པོ་རང་གི་རྗེས་སུ་མི་འབྲང་བ།།རང་ཉིད་བློན་པོའི་རྗེས་སུ་མི་འབྲང་བ།།འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།  སྲོག་ལ་འབབ་ཀྱང་འབད་པས་བསྲུང་བར་གྱིས།།ཅེས་པ་ཡིན་ལ།ཆེས་ཁམས་སུ་མི་འཕྲོད་པའི་གཤིས་སྤྱོད་ནི་བོད་མི་རིགས་ལ་ཁྱད་གསོད་གཏོང་བའི་གཏམ་སྤྱོད་ཡིན།

འཕྲིན་གཏོང་བ།  གསར་འགོད་པ་སེར་སྐོར་འཇམ་ཚེ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-14 ལྟ་ཀློག (8847)