སློབ་གཉེར་སྐོར་གྱི་རྒྱུན་ཤེས།

སློབ་གཉེར་སྐོར་གྱི་རྒྱུན་ཤེས།

༡  སློབ་དཔོན་གྱི་མཚན་ཉིད། ཀུན་སྤྱོད་དག་པས་ལུས་གཙང་བ།ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པར་འདོད་པའོ། །༼ས་པཎ་གྱིས་གསུངས།༽

༢  འཆད་པའི་རྒྱུ་གསུམ། མཁས་པའི་ཤེས་རབ་དང་།བརྩེ་བའི་བསམ་པ་དང་། སྦྱོར་བ་བརྡ་དག་བཅས་སོ། །

༣  དག་པ་གསུམ།  སློབ་དཔོན་གྱི་ངག་དག་པ་དང་།སློབ་མའི་རྒྱུད་དག་པ་དང་། བཤད་བྱའི་ཆོས་དག་པ་དང་གསུམ་མོ། །

༤  གཞུང་འཆད་ཚུལ་ལྔ།  བརྡ་དག་པ།ཁ་གསལ་བ། འབྲེལ་ཆགས་པ། རྒྱས་བསྡུས་འཚམ་པ། བློར་བབ་པའོ། །

བཤད་ཐབས་ཡན་ལག་དྲུག

༡ བྱུང་ཚུལ་ཁོག་འབུབ་ཀྱི་ཡན་ལག་ཆུ་རྒྱུན་གངས་ལ་ཐུག་པ་ལྟ་བུའི་ཚུལ་གྱིས་འཆད་པ།  ༢  བསྡུས་དོན་ས་བཅད་ཀྱི་ཡན་ལག་སྟག་གི་མཆོང་པ་ལྟ་བུའི་ཚུལ་གྱིས་འཆད་པ།   ༣  མཚམས་སྦྱོར་སྐབས་སྡེབས་ཀྱི་ཡན་ལག་མཉན་པ་མཁས་པ་ལྟ་བུའི་ཚུལ་གྱིས་འཆད་པ།  ༤  འགྲེལ་འབྲུ་སྣོན་གྱི་ཡན་ལག་རུས་སྦལ་གྱི་ནུར་འགྲོས་ལྟ་བུའི་ཚུལ་གྱིས་འཆད་པ།  ༥  བརྒལ་ལན་རྩོད་པའི་ཡན་ལག་དཔའ་བོའི་རལ་གྲི་ལྟ་བུའི་ཚུལ་གྱིས་འཆད་པ།   ༦  ཟབ་གྲོལ་མན་ངག་གི་ཡན་ལག་ལོང་བ་མིག་འབྱེད་ལྟ་བུའི་ཚུལ་གྱིས་འཆད་པའོ།། ཞེས་ནང་རིག་པའི་ཚིག་མཛོད་ལས་གསུངས་སོ། །

སློབ་ཁྲིད་བྱ་ཐབས་ལྔ།

༡ བཤད་ཁྲིད་དེ།ཚིག་དོན་རྣམས་ཡིག་འབྲུ་ཡང་མ་ལུས་པར་གསལ་བར་བཤད་པ།  ༢ དམར་ཁྲིད་དེ། མིག་མཐོང་ལག་ཟིན་གྱི་དངོས་པོ་དང་རི་མོ་སོགས་དམར་རྗེན་དུ་བསྟན་ནས་བཤད་པ།  ༣ བསླང་ཁྲིད་དེ།  དྲི་བ་དྲིས་ལན་ཚུལ་གྱིས་དྲན་པ་བསླངས་ནས་དོགས་གཞི་ཆོད་པའི་བློ་སྐྱེད་པར་བཤད་པའོ། ། ༤  མྱོང་ཁྲིད་དེ།རང་གི་ཉམས་མྱོང་རྣམས་གཞན་ལ་སློབ་ཁྲིད་བྱེད་པ། ༥   ཟུར་ཁྲིད་དེ།བསླབས་ཟིན་པའི་མ་ཤེས་ས་ཟུར་དུ་བསྟན་པའོ། །


སློབ་མའི་མཚན་ཉིད། བློ་གསལ་བ།  ཤེས་པར་འདོད་པ། བླ་མའམ་དགེ་རྒན་ལ་གུས་པ་ཡོད་པ། ༼ས་པཎ་གྱིས་གསུངས།༽

འཆད་ཉན་གྱི་བྱ་བ་ལྔ། བསླབ་ལ་དོན་གཉེར་ཆེ་བ།རྣམ་ཤེས་ལེགས་པར་གཏོད་པ། བསླབ་བྱ་དང་སློབ་དཔོན་ལ་གུས་པ་ཆེ་བ།ཉེར་བཤད་དོར་ནས་ལེགས་བཤད་འཛིན་པ།   རྒྱུད་ལ་འཇགས་ཕྱིར་དུས་སུ་གཤར་སྦྱང་བྱེད་པ་རྣམས་སོ། །

ཆོས་ཉན་པའི་འདུ་ཤེས་དྲུག   རང་ལ་ནད་པའི་འདུ་ཤེས།ཆོས་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས།ཡོན་ཏན་ཉམས་སུ་ལེན་པ་ལ་ནད་འཚོ་བའི་འདུ་ཤེས།ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས།དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་འཆངས་པ་དགེའོ། །

རྩོམ་ཡིག་མཁོ་སྤྲོད་པ།  བན་ཤུལ་འབུམ་རྩེ་ཡག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-05 ལྟ་ཀློག (5928)