ཆེས་མཐོ་བའི་རྟ་མཆོག་རྟགས་མའི་བྱ་དགའ་གནང་བ།

ཆེས་མཐོ་བའི་རྟ་མཆོག་རྟགས་མའི་བྱ་དགའ་གནང་བ།

       2016 ལོའི་སྤྱི་ཟླ9བའི་ཚེས27ཉིན་གྱི་དགོང་མོར་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའ་གནང་བའི་ཚོགས་འདུ་སྐབས་བཅུ་གཅིག་པ་པེ་ཅིང་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་གཟབ་རྒྱང་ངང་འཚོགས།  རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའ་ནི་ཀྲུང་གོའི་རྩོམ་པ་བོ་མཐུན་ཚོགས་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་རེད། མི་རིགས་གྲངས་ཉུང་གི་རྩོམ་རིག་བྱ་བཞག་ཡར་རྒྱས་གོང་འཕེལ་ཏུ་གཏོང་བར་སྐུལ་འདེད་ཆེད་དམིགས་པའི་རང་རྒྱལ་གྱི་རྩོམ་རིག་བྱ་དགའ་ཚད་མཐོ་ཤོས་ཤིག་རེད།  ཐེངས་འདིའི་རྟ་མཆོག་རྟགས་མའི་བྱ་དགའ་དཔྱད་འདེམ་ཁྲོད་རྩོམ་རིག་བརྩམས་ཆོས་ཉེར་བཞི་དང་། ལོ་ཙྭ་བ་གསུམ་ལ་གཟེངས་རྟགས་ཐོབ། དེའི་ཁྲོད་བོད་ཀྱི་རྩོམ་པ་བོ་སྟག་འབུམ་རྒྱལ་ལགས་ལ་སྒྲུང་ཐུང་དང་སྒྲུང་འབྲིང་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། འབུམ་རམས་པ་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ་ལགས་ལ་སྙན་ཞུ་རྩོམ་རིག་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་པར་མ་ཟད།  ཚོགས་ཐོག་ཏུ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅུ་དང་ཀྲུའུ་ཞི་གཞོན་པ་ཆིན་ཞའོ་ཆིན་བཅས་ཀྱིས་ཤིས་ཚིག་ཕུལ་བ་དང་།ཅི་ཏེ་མ་ཅ། ལོ་པིན།ཧི་ཅེན་མེན། བསྟན་འཛིན། མ་ལ་ཆིན་ཧྥུ། ཁྲིན་ཆི་རོང་སོགས་ཀྱིས་གཟེངས་རྟགས་ཐོབ་མཁན་ལ་བྱ་དགའ་གནང་།

ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་གིས་རྟ་མཆོག་རྟགས་མའི་གཟེངས་རྟགས་གནང་བའི་ཚོགས་འདུ་སྐབས་བཅུ་གཅིག་པའི་ཐོག་ཤིས་ཚིག་ཕུལ་བ།

ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅུ་དང་ཀྲུའུ་ཞི་གཞོན་པ་ཆིན་ཞའོ་ཆིན་བཅས་ཀྱིས་ཤིས་ཚིག་ཕུལ་བ།

རྒན་སྟག་འབུམ་རྒྱལ་གྱིས་རྟ་མཆོག་རྟགས་མ་བསྣམས་ནས་ཕ་ཡུལ་གྱི་པང་དུ་ལོག་པ།

   2016་སྤྱི་ཟླ9ཚེས30ཉིན་གྱི་སྔ་དྲོར་རྒན་སྟག་འབུམ་རྒྱལ་ལགས་པེ་ཅིན་ལ་ཕེབས་ནས་རྒྱལ་ཡོངས་ཀྱི་སྐབས་བཅུ་གཅིག་གིས་གྲངས་ཉུང་མི་རིགས་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་པར་ཨ་མྱེས་གླང་ཆེན་རྩོམ་སྒྲིག་ཚན་ཆུང་གི་སྣེ་ཁྲིད་འོག་བན་ཤུལ་ཚོ་དྲུག་གླིང་གི་བླ་དཔོན་དང་ལས་བྱེད་སོགས་ཡུལ་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་གིས་མང་རྫོང་བྱེ་སྣ་ས་ཁུལ་ཏུ་ཕེབས་བསུ་བྱས་ཏེ་ལྷ་དར་འཐེན་པ་དང་དགའ་འབོད་ཁྲོད་ཤོག་སྦག་རྒྱབ་ཏེ་བསུ་མ་བྱས་ཤིང་།  ཡུལ་མི་ལྷན་འཛོམས་ཀྱི་དྲན་རྟེན་འདྲ་པར་བསྐྱོན་རྗེས། མང་རྫོང་གསེར་གྱི་སྙེ་མའི་གསོལ་མགྲོན་ཁང་ཆེན་མོ་རུ་ཕེབས་བསུ་བྱས་ཏེ་རྒྱལ་ཡོངས་ཀྱི་རྟ་མཆོག་རྩོམ་རིག་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ཤིང་།  ཚོགས་ཐོག་ཏུ་རྒན་སྟག་འབུམ་རྒྱལ་ལགས་ཀྱིས་བྱ་དགའ་བླངས་པའི་བརྒྱུད་རིམ་གླེང་ཞིང་རྟ་མཆོག་རྟགས་མ་ཕྱག་ཟུང་གིས་མཐོ་རུ་བཏེགས་ཏེ་ཡུལ་མི་རྣམས་ལ་ངོ་སྤྲོད་གནང་།ཕྱག་ཤུལ་སྤྲུལ་སྐུ་དང་བླ་ནག་པ་ཡེ་ཤེས་བཟང་བོ། བན་ཤུལ་འཇམ་དབྱངས་སོགས་ཀྱིས་ཚོགས་ཐོག་ཏུ་ཁོང་ལ་དངོས་སུ་ཤིས་ཚིག་ཕུལ་བར་མ་ཟད། བན་ཤུལ་བསོད་ནམས་འབུམ་སྐྱབས་ཀྱིས་རྒྱལ་ཁབ་ཕྱི་ནང་དང་ས་ཕྱོགས་སོ་སོ་ནས་བསྐུར་གནང་ཡོང་བའི་ཤིས་ཚིག་སྣ་ཚོགས་སྒྲོག་འདོན་བྱས་ཤིང་། བན་ཤུལ་བཀྲ་བྷ་དང་དགེ་རྒན་ངྷི་མ། ལྡོང་ལུག་རྫི ། བན་ཤུལ་འབུམ་རྩེ་སོགས་ཀྱིས་རྒན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དང་འབྲེལ་བའི་སྐོར་གྱི་བསམ་ཚུལ་ལྷུག་བརྗོད་གནང་མཐར། རང་སྡེའི་གླུ་བ་རྡོ་རྗེ་འབུམ་དང་སངས་རྒྱས་འབུམ ། སྟག་འབུམ་རྒྱལ་སོགས་ཀྱི་རྡུང་ལེན་དང་གླུ་དབྱངས་སོགས་རིག་རྩལ་སྣ་ཚོགས་ཀྱིས་ཐེངས་འདིའི་མཛད་སྒོ་ལ་རྟེན་འབྲེལ་ཞུས་ཏེ་ཚོགས་འདུ་བདེ་བླགས་ངང་མཇུག་བསྡུས་པ་རེད།

ཡུལ་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་གིས་མང་རྫོང་བྱེ་སྣ་ས་ཁུལ་ཏུ་ཕེབས་བསུ་བྱེད་བཞིན་པ།

ཡུལ་མི་རྣམས་ཀྱིས་ལྷ་དར་འཐེན་བཞིན་པ།


བྱེ་སྣ་ས་ཁུལ་གྱི་དགྱེས་འཛོམས་མཉམ་པར།

མང་རྫོང་གསེར་གྱི་སྙེ་མའི་གསོལ་མགྲོན་ཁང་ཆེན་མོ་རུ་བྱ་དགའ་བླངས་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ།

ཀླུ་ཚང་སྣང་གསལ་ལམ་ཕྱག་ཤུལ་སྤྲུལ་སྐུས་ཤིས་ཚིག་འབུལ་བཞིན་པ།


བླ་ནག་པ་ཡེ་ཤེས་བཟང་བོས་ཤིས་ཚིག་འབུལ་བཞིན་པ།

མང་རྫོང་གསེར་གྱི་སྙེ་མའི་གསོལ་མགྲོན་ཁང་ཆེན་མོ་རུ་ཕེབས་པའི་ཚོགས་ཞུགས་མི་སྣའི་མཉམ་པར།

དེ་རིང་གི་གྲུབ་འབྲས་ཡོད་ཚད་ནི་ཁོང་གི་ལྕམ་བསོད་ནམས་སྒྲོལ་མ་དང་འབྲལ་ཐབས་མེད་པས།   ཨ་མྱེས་གླང་ཆེན་རྩོམ་སྒྲིག་ཚན་ཆུང་གིས་མོར་བཀའ་དྲིན་མཚོན་བྱེད་དུ་ཁ་བཏགས་ཕུལ་བ །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-01 ལྟ་ཀློག (4729)