གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི​་གསར་འགྱུར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

2016ལོའི་སྤྱི་ཟླ་9ཚེས་30ཉིན་གྱི་ཕྱི་དྲོ།
    དེ་རིང་ཕྱི་དྲོ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་<<ཕྱོགས་གླང་རིགས་པའི་བརྒལ་བརྟག་>>སྐབས་བརྒྱད་པ་རང་སློབ་གྲྭའི་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། བརྒལ་བརྟག་ལ་སློབ་རིམ་བཞི་བ་ནས་དམའ་གསུམ་བར་འཛིན་གྲྭ་རེ་ནས་མི་གསུམ་རེ་བཅས་ཁྱོན་སྡོམ་སློབ་བུ་སོ་ལྔ་ཞུགས། བརྒལ་བརྟག་སྟེང་རང་སློབ་གྲྭའི་སློབ་གཙོ་གཡོན་གཞིས་ཡུལ་ལྷ་ལགས་དང་སློབ་དོན་པ་ཤར་པང་བཀྲ་ཤིས་ཚེ་རིང་། དམེ་ཚང་ཡེ་ཤེས་རྒྱ་མཚོ་བཅས་དགེ་རྒན་སུམ་བཅུ་ལྷག་དང་སློབ་མ་དྲུག་བརྒྱ་ལྷག་འདུས། ཚད་མའི་དགེ་རྒན་རྣམས་གཙོ་བྱས་པའི་དགེ་རྒན་སྐོར་ཞིག་གིས་དཔྱད་འདེམ་བྱས། སྤྱིར་ཚད་མའི་རིགས་པ་ནི་རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་ཞེས་གསུངས་པའི་ས་སྟེང་གི་རིན་ཆེན་རྣམ་གསུམ་གྱི་ཡ་གྱལ། ཚུལ་དང་ཚུལ་མིན་གྱི་རྣམ་དབྱེ་གསལ་བར་འབྱེད་བྱེད་ཅིག་ཡིན། དེ་ལ་ཇི་ལྟར་འཇུག་ཚུལ་དང་ཅིའི་ཕྱིར་ཚད་མའི་རིགས་ལམ་ལ་སྦྱོང་དགོས་པ་ཡིན་ཞེ་ན། རིགས་ལམ་ལ་མ་སྦྱངས་ན་རང་ཉིད་ཀྱིས་གང་བཤད་ཕལ་ཆེར་རམ། ལྷག་པར་དུ་གཞུང་དོན་ཟབ་མོ་ཞིག་དང་ཕྲད་ཚེ་དམ་བཅའ་ཙམ་ལས་སྒྲུབ་བྱེད་ཡང་དག་པ་འགོད་མི་ནུས་ཤིང་། དམ་བཅའ་དེ་ཡང་རིགས་པ་སྨྲ་བ་ཞིག་གི་སྒྲུབ་བྱེད་དམ་སུན་འབྱིན་དང་ཕྲད་ཚེ་བྱེ་མའི་འཆིང་བུ་ལྟར་ཤུལ་མེད་དུ་འཐོར་བར་འགྱུར་ཞིང་མི་བརྟན་ལ་གཏིང་མི་དཔག་པའི་ཕྱིར་ཡིན་ནོ།། དེ་བས་ང་ཚོས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་འདི་ལ་འབད་དང་འབུངས་བཞིན་ཡོད། དགའ་འོས་པ་ཞིག་ལ་ཐེངས་འདིའི་བརྒལ་རྟགས་ལ་ཕྱོགས་གང་ནས་ཀྱང་སློབ་བུ་ཚོར་སྔར་ལས་ལྷག་པའི་སྤོབས་པ་དང་ངར་ཤུགས་ཆེ་རུ་ཕྱིན་འདུག  འགྲན་ཞུགས་སློབ་བུ་དག་ལས་དམའ་འབྲིང་རིམ་པའི་སློབ་མ་གསུམ་དང་། སློབ་ཆུང་རིམ་པའི་སློབ་མ་གསུམ་བཅས་ལ་བྱ་དགའ་ཐོབས། དམའ་འབྲིང་ཨང་དང་བོ་གནས་ཕྱུག་སྐྱིད། གཉིས་པ་ཡེ་ཤེས་ཆོས་སྒྲོན། གསུམ་པ་འབྲུག་སྐྱིད། སློབ་ཆུང་ཨང་དང་བོ་ནོར་བུ་དབང་མོ། གཉིས་པ་ཀེ་ཐོ་གྲུང་། གསུམ་པ་དབང་མཚོ་བཅས་ཡིན། མཇུག་མཐར་སློབ་གཙོ་ལགས་དང་སློབ་དོན་པ་རྣམ་པ་གཉིས་ཀྱིས་རིན་ཐང་ཆེ་བའི་གཏམ་བཤད་ལས་ཚད་མའི་དགེ་རྒན་དག་དང་སློབ་བུ་ཡོངས་ལ་གདེང་འཇོག་ཚད་མཐོན་པོ་གནང་སྟེ་བཀྲ་ཤིས་ངང་མཇུག་བསྡུས།

ཐེངས་འདིའི་རིགས་ལམ་འགྲན་སྡུར་གྱི་དཔྱད་འདེམས་པ་རྣམ་པ། 


སློབ་མ་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ། 

ཕུལ་བྱུང་འགྲན་ཞུགས་སློབ་མ་ལ་བྱ་དགའ་སྟེར་བཞིན་པ། 


ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མ་རྣམས་དང་དགེ་རྒན་ཡོངས་ཀྱི་མཉམ་པར། 

གསར་འགོད་པ། དཀར་མོ་ཡེ་ཤེས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-09-30 ལྟ་ཀློག (4930)