རྨ་མདུན་རིག་གནས་སྒྱུ་རྩལ་ཚོགས་པས་གཙོ་སྒྲུབ་བྱས་པའི་སློབ་གསོའི་ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བ།

སྐུ་མགྲོན་རྣམས་ཚོགས་ཐོག་ཏུ་ཕེབས་བསུ་བྱ་བའི་ཡུལ་དངོས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་རྒན་འཇིགས་མེད་རྒྱལ་མཚན་གྱིས་བཀའ་སློབ་གནང་བཞིན་པ།

    རྨ་མདུན་རིག་གནས་སྒྱུ་རྩལ་ཚོགས་པས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་དྲིན་མཚོན་པའི་གཟེངས་རྟགས་འབུལ་དོན་ངོ་སྤྲོད་གནང་བཞིན་པ།

      རྨ་མདུན་རིག་གནས་སྒྱུ་རྩལ་ཚོགས་པས་རྒྱལ་ཁབ་དང་མི་རིགས་སློབ་གསོའི་དོན་དུ་ཡོད་ཚད་བློས་གཏོང་བའི་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་དྲིན་མཚོན་པའི་གཟེངས་རྟགས་འབུལ་བཞིན་པ།

འཇི༵གས་མེ༵ད་རིགས་ཞེན་སྤོབས་པས་ང་རོ་བསྒྲགས།།
ཞུམ་མེད་གཙུག་ལག་མཁས་པའི་གོ་ས་འཛིན།།
ཕམ་མེད་གངས་ཅན་ཡུལ་གྱི་དཔའ་བོ་དེས།།
སྔོན་མེད་ཤེས་རིག་ནོར་བུའི་རྒྱལ༵་མཚ༵ན་བཏེགས།།


མཛེས་སྡུག་ཁ་བས་བསྐྲུན་པའི་གངས་ལྗོངས་ན། །
འཇིགས་མེད་སྙིང་སྟོབས་ལྕགས་ཀྱི་རུས་པ་ཅན། །
སྣ་མང་རིག་པའི་རྒྱལ་མཚན་སྒྲེང་བའི་མགོན། །
སློབ་གསོ་སྨྲ་བའི་དེད་དཔོན་གང་དེ་རྒྱལ། །

    སྤྱི་ལོ་2016ལོའི་ཟླ་9བའི་ཚེས་18ཉིན་རྨ་ཆེན་གངས་རིའི་འདབས་ཀྱི་འབྲོག་སྡེ་ཆུང་ཆུང་རྟ་བོའུ་ཞོལ་མའི་མི་བུ་ལྷག་བསམ་ཅན་དག་གིས་གྲུབ་པའི་རྨ་མདུན་རིག་གནས་སྒྱུ་རྩལ་ཚོགས་པས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་སློབ་གསོའི་ཚོགས་ཆེན་ལེགས་ལམ་སྟོན་པའི་སྒྲོན་མེ་ཞེས་པའི་སྟེང་སློབ་གསོ་བ་གྲགས་ཅན་རྒན་འཇིགས་མེད་རྒྱལ་མཚན་མཆོག་གཙོ་བྱས་ནས་བོད་སྐད་ཡིག་གི་ཕྱོགས་ལ་ནུས་ཤུགས་རྒྱ་ཆེན་གནང་བཞིན་པའི་ཨ་ཁུ་དགེ་འདུན་དང་ཨ་མྱེས་རྨ་ཆེན་ཡུལ་སྐོར་རིག་གནས་ཀྱི་ཆེད་མཁས་པ་མགོན་པོ་ལྷ་ཆེན་སོགས་གདན་ཞུ་བྱས་ཏེ་མི་གཞི་ཀུན་སྤྱོད་དང་ཤེས་རིག་ཡར་རྒྱས། ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་བདེ་ཐང་། ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་དར་སྤེལ་སྐོར་བརྗོད་གཞིར་བཟུང་ནས་བསླབ་བྱ་མང་པོ་གནང་ལ། ཁྱད་པར་དུ་སློབ་གསོ་བ་གྲགས་ཅན་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་ས་གནས་དང་བསྟུན་པའི་ཉེར་མཁོའི་སློབ་གསོ་གལ་ཆེན་གནང་ལ་མཐུན་སྒྲིལ་ནི་ཡར་རྒྱས་ཀྱི་གཞི་རྩ་དང་འཕེལ་རྒྱས་ནི་མི་དམངས་ཀྱི་སྟོབས་ཤུགས་ལ་རག་ལས་པ་སོགས་དང་འབྲོག་དམངས་ཀྱི་དཔལ་འབྱོར་འཕེལ་ཐབས་སོགས་ཀྱི་ཐད་ནས་གསུང་གླེང་གལ་ཆེན་གནང་།

ཨ་མྱེས་རྨ་ཆེན་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་ཕེབས་བསུ་བྱ་བའི་ཡུལ་དངོས།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་བཀའ་སློབ་གནང་བཞིན་པ།

    སྤྱི་ཚེས་17ཉིན་གྱི་ཕྱི་དྲོར་རྟ་བོའུ་ཞོལ་མའི་དགྲ་འདུལ་ཐང་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་ཨ་མྱེས་རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་རེ་བ་ལྟར་སྒེར་བཙུགས་སློབ་གྲྭའི་ངོ་བོ་དང་། དགེ་རྒན་གྱིས་སློབ་མ་སྐྱོང་སྟངས། སློབ་མས་དགེ་རྒན་བཀུར་སྟངས་སོགས་བརྗོད་བྱར་བཟུང་ནས་དུས་ཚོད་གཉིས་ཙམ་གྱི་རིང་ལ་སློབ་ཁྲིད་བྱས། མདོར་ན་སློབ་གསོ་བ་ཁོང་ནི་ཁ་བཤད་ཙམ་མ་ཡིན་པར་མི་རིགས་ལ་ཤ་ཞེན་ཆེ་ཞིང་དོན་གྱིས་མི་རིགས་ཀྱི་ལས་དོན་ཁོ་ན་སྒྲུབ་པའི་བོད་གངས་ཅན་གྱི་སློབ་གསོའི་སྣེ་ཁྲིད་པ་ལགས་སོ།།

ཐེངས་འདིའི་སློབ་གསོའི་ཚོགས་ཆེན་གྱི་སྤྱིའི་འགན་ལེན་པ་སྤྲུལ་ཐུབ་བསྟན་རང་བྱུང་།

གསར་འགྱུར་མཁོ་སྤྲོད་པ།  མགར་གསེར་འོད།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-09-20 ལྟ་ཀློག (5063)