ཆང་གི་དགག་ཡིག་དུག་སྡོང་གཅོད་པའི་སྟ་རེ།

༄༅།། ཆང་གི་དགག་ཡིག་དུག་སྡོང་གཅོད་པའི་སྟ་རེ།

དོར་ཞི་གདོང་དྲུག་སྙེམས་པའོ་བློ་ལྡན།

དུས་གསུམ་རྩལ་འབྱིན་དུག་གི་ཉིང་ཁུ་ལ།།

དུག་ཏུ་མི་སེམས་དུག་སླད་འཁྲུལ་ཤེས་ཀྱིས།།
དུག་ལ་སྤྱོད་ཅིང་དུག་གིས་བརླག་མཐོང་ནས།།
དུག་སྐྱོན་བགྲངས་ཏེ་དུག་ངན་དགག་ལ་སྤྲོ།།

དུག་ཆེན་སྐབས་འགར་ནད་ལ་ཕན་སྲིད་ཀྱང་།།
དུག་གི་རང་བཞིན་ཤེས་ནས་བསྟེན་ཤེས་དགོས།།
དུག་ངན་རང་དགར་སྤྱོད་པའི་ནད་པ་དེ།།
དུག་གིས་མྱོས་པ་མིན་ཡང་སྨྱོན་པ་རེད།།

དུག་སྡོང་གྲིབ་བསིལ་ཚད་ཆེན་སྐྱོབ་པ་བཞིན།།
དུག་གི་ནུས་པས་དགའ་བདེ་འཁྲུལ་སྣང་འཆར།།
དུག་གི་ཞལ་སྐྱེམས་སྐབས་འགར་མཁོ་ན་ཡང་།།
དུག་ཁུར་བདུད་རྩིར་འཛིན་པ་གླེན་པའི་ཕུལ།།

དུག་ཆང་གནོད་ཚབས་ཆེ་བའི་མྱོང་འགྱུར་ལ།།
དུག་ཟས་བསྟེན་རྣམས་ཅི་སྟེ་འདང་མི་རྒྱག།
དུག་འདིས་ཆོས་པ་རྣམས་ཀྱི་སྡོམ་པ་ཉམས།།
དུག་འདིས་སྲིད་དོན་སྒྲུབ་རྣམས་སྲིད་ཁྲིམས་འགལ།།

དུག་གིས་དབང་ཐང་ཅན་གྱི་དབང་ཆ་འཆོར།།
དུག་འདིས་སྙན་གྲགས་ཅན་གྱི་སྙན་པ་འགོག།
དུག་འདིས་བློ་གསལ་སྐྱེས་བུའི་ཤེས་རིག་འགྲིབ།།
དུག་འདིས་ཞི་དུལ་བག་ཡོད་གཤིས་བཟང་ལད།།

དུག་འདིས་དཔའ་བོའི་མཚོན་ཆ་ས་ལ་འབྲུལ།།
དུག་འདིས་འཆལ་གཏམ་བརྡོལ་བས་དོན་རྣམས་བརླགས།།
དུག་འདིས་ཚིག་རྩུབ་མཚོན་སྤྲོས་གཞན་སེམས་གནོད།།
དུག་འདིས་རྙིང་སྐྱུག་རུལ་དྲིས་གཞན་སྐྱུག་ལྡོག།

དུག་འདིས་ལུས་ཟུང་ཟད་དེ་འདྲེ་ལྟར་འགྱུར།།
དུག་འདིས་ནད་བརྒྱ་བསྐྱེད་ཅིང་ཚེ་སྲོག་གཅོད།།
དུག་འདིས་གཉེན་བཤེས་རྩ་ལག་འཁོན་ཞིང་འགྲས།།
དུག་འདིས་བཟའ་ཁྱིམ་བཟང་བོ་འཁྲུགས་ཤིང་འཐོར།།

དུག་འདིས་དཔོན་དང་ཡུལ་མི་ཁྲེལ་ཞིང་སྡང་།།
དུག་འདིས་སྤྱོད་ངན་ལ་ཞུགས་ཁྲིམས་ཆད་ཕོག།
དུག་འདིས་ཁྲེལ་དང་ངོ་ཚའི་རྒྱན་དང་བྲལ།།
དུག་འདིས་མགྲོན་གྲལ་བཞག་པ་ཁྱི་གྲལ་འཕེན།།

དུག་འདིའི་ཉེས་སྐྱོན་མང་བས་བརྗོད་མི་ལང་།།
དུག་འདི་བག་མེད་སྤྱོད་པར་ག་ལ་རུང་།།
དུག་ལ་དགའ་བའི་ཡིད་དབང་སྐྱོན་ཅན་རྣམས།།
དུག་ཁུར་སྐྱོན་བརྗོད་གཏམ་འདིར་མི་དགའ་ཡང་།།

དུག་མིན་སྒྲུབ་བྱེད་ཡང་དག་ཡོད་རེ་རྐན།།
དུག་ངན་བག་མེད་སྤྱོད་པའི་སྙིང་མེད་རྣམས།།
དུག་ཆུས་བརླགས་ལ་སྙིང་གིས་མ་བཟོད་ནས།།
དུག་སྡོང་གཅོད་པའི་སྟ་རེ་རྣོ་ངར་ཅན།།

དུག་རྩད་འདོན་ཕྱིར་འཕྱར་མཁན་དོར་ཞིའོ།།


རྩོམ་ཡིག་ཕབ་བཤུ་བ།  ནག་ཙན་དན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-09-17 ལྟ་ཀློག (5386)