བོད་ཀྱི་ཁེ་ལས་པ་ཞིག་གིས་རིག་གནས་ཁེ་ལས་གསར་སྤེལ་གྱི་ཀུང་ཟི་ཉེར་བདུན་བཙུགས་པ།

བོད་ཀྱི་ཁེ་ལས་པ་ཞིག་གིས་རིག་གནས་ཁེ་ལས་གསར་སྤེལ་གྱི་ཀུང་ཟི་ཉེར་བདུན་བཙུགས་པ།  

གསར་འགོད་པ། ཁྲི་བདེ་གྲོལ།

     2016/9/12 ཉིན་གྱི་ཕྱི་དྲོར།     བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་བློ་བཟང་ལགས་ཀྱིས་ཉེ་ཆར་སྒྲུབ་བཞིན་པའི་ལས་གཞི་ལྟར་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་ཀྱི་སྦྲ་ནག་སྡེ་བ་དྲུག་ལ་རིག་གནས་ཁེ་ལས་གསར་སྤེལ་དང་དབུལ་ཐར་འདུ་ཤེས་གསར་སྐྲུན་གྱི་རྣམ་པའི་སྒོ་ནས་ཁྲིམས་མཐུན་གྱི་ཀུང་ཟི་ཉེར་བདུན་གསར་འཛུགས་གནང་བའི་སྐོར་ལ་གཏམ་བཤད།  ཚོགས་འདུ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་བློ་བཟང་ཚན་རྩལ་སློབ་གླིང་དུ་བསྡུ་སྐོང་བྱས་འདུག་ལ།  ཐེངས་འདིར་ཁོང་གིས་བཤད་དོན་ཁེ་ལས་ནི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་བྱེད་ཅིག་ཡིན་ལ་དཔལ་འབྱོར་ནི་མི་མང་ལ་ཕན་འདོགས་བྱེད་ཅིག་ཡིན་ཞེས་དང་།  ང་ཚོ་འབྲོག་ཁུལ་ལ་ཁ་ཕྱོགས་ཏེ་ཀུང་ཟི་ཉེར་བདུན་འཛུགས་དགོས་དོན་ཡང་འབྲོག་ཁུལ་གྱི་དབུལ་སྐྱོར་རྣམ་པ་གསར་སྒྱུར་དང་བོད་དམངས་རྣམས་ཁེ་ལས་ཅན་ལ་ཕྱོགས་ཏེ་རང་ཁ་རང་གསོ་ཐུབ་པའི་འཆར་གཞིའི་ཐོག་ཏུ་འགྲོ་འགོས་བར་བཤད།  ང་ཚོ་མི་རེ་རེ་ནས་བོད་ཀྱི་ཁྱད་ཆོས་ཡོད་པའི་ཐོག་ནས་ཁེ་ལས་ཀུང་ཟི་གཉེར་དགོས་པ་དང་གཞི་འཛིན་སའི་ཁྱད་ཆོས་གཅིག་གི་སྟེང་ནས་མཐའ་འཁྱོལ་བར་བྱེད་པ་ནི་རྩ་དོན་ཡིན་པར་གདམས།   ཉེ་སྔོན་སྒྲུབ་པའི་བློ་བཟང་ཚན་རྩལ་སློབ་གྲྭའི་སྐབས་དང་པོའི་གསབ་སྦྱོང་འཛིན་གྲྭར་སློབ་མ་121བསྡུས་པ་ལས་ཁེ་ལས་ཀུང་ཟི་ཉེར་བདུན་གྱི་མི་སྣ་ལམ་སློང་བྱུང་ཡོད་ལ།    གྲུབ་འབྲས་འདི་དང་བསྟུན་ནས་གཏེར་ཆུ་ལས་སྣོན་དང་བརྙན་རིས་སྒྲིག་སྦྱོར། ལུག་བལ་ལས་སྣོན་དང་འབྲི་ཞོ་ལས་སྣོན།   མཆོད་རྫས་ཕྱིར་འཚོང་དང་རྒྱན་བཟོ་ཇུས་འགོད།  ཡུལ་སྐོར་ལས་རིགས་དང་གློག་རྡུལ་ཡིག་ཆ་བསྡུ་སྒྲུབ་སོགས་ཀུང་ཟི་གཉེར་མཁན་དག་གི་ལས་རིགས་ལ་ལམ་སྟོན་བྱས་པ་དང་།  ཀུང་ཟི་ཉེར་བདུན་གྱི་འགྲོ་ལུགས་ཆོག་མཆན་ཡིག་ཆ་རྣམས་གཟའ་འཁོར་རྗེས་མར་ལེགས་འགྲུབ་ཡོང་བའི་གསལ་ཁ་དང་ལྷན་དུ་ཀུང་ཟི་རེ་རེ་ལ་རང་གི་རྩ་བའི་ཁྱད་གཤིས་མ་བོར་བའི་ཐོག་ནས་མི་རིགས་དཔལ་འབྱོར་གྱི་ལམ་ཁ་ཟིན་དགོས་པའི་རྟིང་སྐུལ་བྱས།  ཁོང་གིས་ད་དུང་བོད་པ་ཚོར་ཚོང་ལས་ཀྱི་རང་ཚུགས་མཁོ་བ་དང་ཀུང་ཟི་རེ་རེ་རིག་གནས་སྣ་མང་གི་ཁྱད་ཆོས་ཡོད་པའི་ཐོག་ནས་ཚོང་ར་ཅན་དུ་འགྱུར་བར་བྱས་ཏེ།  མ་འོངས་བ་ན་ང་ཚོ་སྤྱི་ཚོགས་ཀྱི་ཚད་ངེས་ཅན་ཞིག་ལ་ཐོན་འོས་པའི་དམིགས་གཞི་བཏོན།  ཚོགས་ཞུགས་མི་སྣ་དག་གིས་ཀྱང་དགེ་རྒན་གྱི་སྣེ་ཁྲིད་འོག་རང་ས་གནས་ལ་ཁེ་ལས་ཀུང་ཟི་ཉེར་བདུན་གྱི་རྨང་བཏང་བ་ནི་མིག་སྔར་བོད་ཀྱི་སྤྱི་ཚོགས་ལས་མདའ་འགོངས་མཛད་ཡོད་པའི་མཐོང་སྣང་སྦྱིན། མཐར་ཚོང་བདག་དང་སློབ་མ་རྣམས་ཀྱི་དོགས་འདྲི་དང་ལན་སློག་གི་གོ་རིམ་ཁྲོད་ནས་ཚོགས་འདུ་མཇུག་བསྡུས།

       

 ཁེ་ལས་ཀྱི་ཕྱོགས་ནས་གཏམ་བཤད་གནང་བཞིན་པ། 


ན་གཞོན་རྣམས་ལ་གླེང་མོལ་གནང་བ། 

༢༠༡༦/༩/༡༣ ཉིན་སྤེལ།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-09-13 ལྟ་ཀློག (4432)