དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་རྩོམ། ཁག་གསུམ་པ།

དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་རྩོམ།  ཁག་གསུམ་པ།

དགེ་རྒན་ནི་ཞིམ་མངར་ལྡན་པའི་བསམ་བློའི་རྒྱགས་ཕྱེ་སྩོལ་མཁན་ཉག་གཅིག་ཡིན།

                                ཐུབ་པའི་གདུང་འཚོབ།
   ཕྲན་གྱིས་སྤྱི་ལོ་༡༩༩༣ལོར་ཐོག་དང་བོར་སློབ་ཆུང་གི་སྒོ་ཐེམ་བསྙེགས་དུས་དགེ་རྒན་ནི་བྱིས་པ་ཚོ་གཅར་རྡུང་བྱ་མཁན་ཞིག་ཏུ་སྣང་ལ། སྐབས་དེར་སློབ་གྲྭ་འགྲིམ་པའི་དམིགས་ཡུལ་ནི་ན་མཉམ་བྱིས་པ་ཚོ་དང་ལྷན་དུ་སློབ་གྲྭའི་ར་སྐོར་ནང་ནས་ཁྲིད་དེབ་ཀྱི་དཔེ་ཆ་དྲོས་ནས་རྩེད་མོ་རྩེ་རྒྱུ་ལས་གཞན་གང་ཡང་མི་འདུག  ད་རེས་ཞིབ་འདང་རེ་བརྒྱབ་ན་སྐབས་དེར་དགེ་རྒན་དུས་ཆེན་ཞེས་པའི་ཐ་སྙད་འདི་ལ་ངོས་འཛིན་དང་གདེང་འཇོག་བྱེད་མཁན་གྱི་སློབ་ཆུང་སློབ་མ་ཤིན་ཏུ་དཀོན་ཚོད་རེད།  ཕྱིས་སུ་སྤྱི་ལོ་༡༩༩༨ལོའི་ལོ་འགོ་ཙམ་ནས་རབ་ཏུ་བྱུང་རྗེས། དགོན་པའི་འདོན་ཆ་སོགས་བློ་འཛིན་བྱེད་སྐབས་ད་གཟོད་ཀ་ཁའི་སྦྱོར་ཀློག་ལ་དཀའ་ཁག་མེད་པ་ནི་སློབ་ཆུང་དགེ་རྒན་དག་གི་བཀའ་དྲིན་ཡིན་པར་གཞི་ནས་ངོས་ཟིན་ཐོབ།  འོན་ཀྱང་དགོན་སྡེ་ཁྲོད་དུ་དགེ་རྒན་དུས་ཆེན་ཞེས་པའི་ཉི་མ་དམིགས་བསལ་བ་ཞིག་མེད་པས་ལོ་ཁ་ཤས་ཀྱི་ཡུན་ལ་སློབ་ཆུང་དགེ་རྒན་ཚོའི་བཀའ་དྲིན་ཡིད་ལ་དྲན་བཞིན། དགོན་སྡེ་ཁྲོད་ཀྱི་དགེ་རྒན་རྣམ་པའི་ཐུགས་རྗེའི་བྱིན་མཐུ་ལ་བརྟེན་ནས་རིམ་གྱིས་ང་རང་འཚར་ལོངས་བྱུང་། ལྷག་པར་དུ་སྤྱི་ལོ་༢༠༠༨ལོ་ནས་བཟུང་ཁོ་བོས་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདི་དྲན་ཐེངས་རེར། མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་པའི་བྱམས་བརྩེ་དང་ལྷག་བསམ་ཝ་ལེར་དྲན།  རྒྱུ་མཚན་ལོ་རེའི་སྤྱི་ཟླ་དགུ་བའི་ཚེས་གཅིག་ནས་བཟུང་ལོ་སྨད་ཀྱི་སློབ་འགོ་གསར་བ་ཚུགས་རྐྱེན་སློབ་སྦྱོང་གི་སྦྱང་འབྲས་ལྟར་དུ་སློབ་མ་སོ་སོའི་འཛིན་གྲྭའི་འཕེལ་འགྲིབ་ཀྱི་གོ་རིམ་སྒྲིག་དགོས་པ་དང་གཅིག  དེར་མ་ཟད་ལོ་རེའི་འཆར་ཅན་ལྟར་གསར་ཞུགས་སློབ་མ་བསྡུ་ཉར་གྱི་གལ་འགང་ཆེ་བའི་ལས་ཁུར་ལྗིད་མོ་ཞིག་ཕྲག་སྟེང་དུ་བབས་པའི་དུས་ཚིགས་བསླེབས་པ་དང་གཉིས་ཀྱི་བར་གསེང་ནས། ཐ་ན་ཉིན་རེའི་ཇ་ཐུན་གཅིག་ཀྱང་སོས་དལ་གྱིས་བཞེས་ལོང་མེད་པར་ཉིན་སྟེང་ལ་མཚན་བཞག མཚན་སྟེང་ལ་གློག་བསྒྲོན་ནས་ཉི་མཚན་ལ་དབྱེ་བ་མེད་པར་དཀའ་བ་ཆེད་དུ་བསད་ནས་ངལ་བ་དང་དུ་ལེན་བཞིན་པ་ནི། མདོར་ན་རྨོངས་པ་ཆེན་པོས་བློ་གྲོས་ཀྱི་སྒོ་མོར་ལྕགས་ཟྭ་བརྒྱབས་པའི་མི་རིགས་ཤིག་གི་མདུན་ལྗོངས་ཡངས་པོར་འོད་ལམ་ལམ་དུ་འཚེར་བའི་ཤེས་རིག་གི་སྒྲོན་མེ་སྦར་བའི་ཆེད་དུ་མ་ཡིན་ནམ།  སྤྱི་ལོ་༢༠༡༢ལོའི་ཟླ་༩.ཚེས་༨ཉིན་གྱི་མཚན་མོའི་ཆུ་ཚོད་གཉིས་པའི་སྟེང་དུ་ཐོག་ཁང་གི་སྒེའུ་ཁུང་གསེབ་ཏུ་གློག་འོད་ཀྱིས་ཁྱབ་འདུག་པ་ནི།  གསར་ཞུགས་སློབ་མ་ཆིག་སྟོང་ལྷག་གི་རྒྱུགས་འབྲས་ལ་དགེ་རྒན་ཚང་མས་མཉམ་དུ་གནས་རིམ་གཏན་འབེབས་བྱེད་བཞིན་པ་ངེད་ཅག་གིས་ཚོར་ཡོད་ལ།  ཚེས་དགུ་ཉིན་གྱི་ཞོགས་པར་ཡང་ནང་ཇ་ཞིག་བྲེལ་འཚུབ་ཀྱིས་བཞེས་ཏེ་གསར་ཞུགས་སློབ་མ་རེ་རེའི་རྒྱུགས་འབྲས་ཀྱི་ཐོབ་སྐར་ཁྱབ་བསྒྲགས་དང་། ལོ་དེར་གསར་ཞུགས་སློབ་མར་དངོས་སུ་ཚུད་ཐུབ་པ་བྱུང་བའི་སློབ་མ་སུམ་བརྒྱ་ལྷག་གི་རྒྱུགས་འབྲས་གོ་རིམ་ལྟར་དུ་འཛིན་གྲྭ་བགོས་ཏེ། སྡོད་གནས་སོགས་གཏན་ཁེལ་དང་ལོ་རྗེས་མའི་མིང་ཐོ་གསར་འགོད་བྱེད་པ་བཅས་བྱ་བར་བྲེལ་ཟིང་ཧ་ཅང་ཆེ་བས། དགོང་མོ་ཆུ་ཚོད་བཅུ་གཉིས་ཡས་མས་སུ་ད་དུང་སྐུ་ངལ་དང་འོ་བརྒྱལ་བླ་མེད་མྱངས་བཞིན་པ་ང་ཚོས་ཀྱང་མཐོང་ཡོད།   དེའི་ཕྱིར་མཚན་མོ་དེར་འཛིན་གྲྭ་སོ་སོའི་སློབ་མ་རབ་འབྲིང་མཐའ་གསུམ་གྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་དགེ་རྒན་རྣམ་པའི་དུས་ཆེན་བསུ་བར་གྲ་སྒྲིག་བྱེད་བཞིན་འདུག  སློབ་མ་ཚོས་རང་གི་ནུས་ཚོད་ཀྱིས་འཆར་གཞི་དང་བཀོད་སྒྲིག་ཡོད་པའི་སྒོ་ནས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ལེགས་སྐྱེས་གང་མང་། དགེ་རྒན་རྣམ་པའི་གཟིགས་མོར་དགྲམ་པར་རང་ནུས་ཡོད་དགུའི་བརྩོན་ལེན་བྱེད་ཀྱིན་འདུག  དཔེར་ན། ཡིག་གཟུགས་ཧ་ཅང་ལེགས་པའི་སློབ་མ་ལ་ལས་སྒོ་སམ་ངོས་སུ་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཤིས་ཚིག་འབྲི་བ་དང་། ལ་ལས་དེའི་སྟེང་དུ་མཛེས་སྤྲས་ཀྱི་རྣམ་པས་དགེ་རྒན་རྣམ་པའི་སྐུ་པར་བསྒྲིགས་པ། ཁ་ཤས་ཀྱིས་ཚོན་མདོག་བཀྲ་བའི་ཤོག་བུ་སྣ་ཚོགས་ཀྱིས་བོད་ལུགས་ཀྱི་ཕོ་བྲང་དང་ཁང་བཟང་གི་ཚུལ་བཟོ་བ།  ཡང་རེ་འགས་ཁྲ་ཁྲ་རིག་རིག་གི་གློག་མཆོད་སྣ་ཚོགས་ཀྱིས་མཐའ་རྒྱན་སྤྲས་ཤིང་དེའི་ནང་དུ་དགེ་རྒན་རྣམ་པར་རང་རང་གི་ཤིས་ཚིག་འབྲི་བ་སོགས་ལ་སྤྲོ་སེམས་འཁོལ་བའི་དབང་གིས་ནམ་ཕྱེད་ཡོལ་སོང་བ་མ་གཏོགས་མ་ཤེས། སྐབས་དེར་ངེད་ཅག་ལ་མཚོན་ན་བྱ་འགུལ་དེ་ནི་དགེ་སློབ་བར་གྱི་མཛའ་བརྩེ་མཚོན་བྱེད་ཅིག་དང་། མ་ཡུམ་སློབ་གླིང་གི་འཛིན་གྲྭ་སོ་སོ་དང་སློབ་གྲོགས་ཕན་ཚུན་བར་གྱི་མཐུན་སྒྲིལ་མཚོན་བྱེད་ཅིག་ཏུ་ངོས་འཛིན་གནང་བ་ཡིན། སྐབས་དེ་ནས་བཟུང་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་ཙམ་དུ་མ་ཟད། མིའི་ནུས་ཤུགས་ཀྱི་ཐོན་ཁུངས་ཕྱོགས་ཡོངས་ནས་གསར་བཏོད་བྱེད་པའི་མི་ཤུགས་ཐོན་ཁུངས་གསར་བཏོད་ཀྱི་རླབས་ཆེ་བའི་བཟོ་སྐྲུན་པ་ཞིག་ཡིན་པ་གསལ་བོར་རྟོགས་ཡོད།  དེའི་ཕྱིས་སུ་ཚེ་སྔོན་ལས་ཀྱི་དབང་གིས་གྲྭ་རྐྱང་ང་ཀན་སུའུ་ནང་བསྟན་སློབ་གླིང་གི་གཞུང་ལུགས་འཛིན་གྲྭར་ཞུགས་ཏེ། ས་གསུམ་ན་རྙེད་པར་དཀའ་བའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་མང་བོའི་མདུན་ནས།  རྒྱ་ཆེ་ཞིང་གཏིང་ཟབ་པའི་གཞུང་ལུགས་མང་བོར་བག་ཆགས་ཙམ་འཇོག་ཐུབ་པའི་བགོ་སྐལ་དུས་སུ་སྨིན་པ་ནི་ཨེ་མ་ཧོ་རྨད་བྱུང་བསྐལ་བ་བཟང་སྙམ་དུ།  དགེ་རྒན་དུས་ཆེན་གྱི་ཉིན་མོ་འདིར་དགེ་རྒན་གྱི་ཐོག་མ་དྲིན་ཆེན་ཕ་མ་ནས་བཟུང་གནམ་འོག་གི་དགེ་རྒན་ཡོད་དོ་ཅོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་དབྱར་མཚོའི་དཔལ་ལ་འགྲན་པའི་སྨོན་འདུན་སྙིང་ནས་ཞུས་པ་ལགས།།
ཞེས་སྤྱི་ལོ་༢༠༡༦ལོའི་ཟླ་༩ཚེས་༡༠ཉིན་གྱི་ཞོགས་པར་ཀན་སུའུ་ནང་བསྟན་སློབ་གླིང་གི་སྡོད་ཤག་རིག་པའི་དགའ་ཚལ་ནས།

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

བན་ཤུལ་རིལ་དཀར།

འཇིགས་མེད་སྤོབས་པའི་སྐུ་ཡི་རྒྱལ་མཚན་བརྟན།།
ཤེས་རིག་བདུད་རྩི་གསུང་གི་ནོར་བུའི་མཛོད།།
གཞན་ཕན་ལྷག་བསམ་ཐུགས་ཀྱི་ཟླ་འོད་དཀར།།
མཛད་འཕྲིན་གོ་ལ་ཡངས་པོའི་ཁྱོན་ན་འཕུར།།

བཤེས་གཉེན་ཟླ་བ་དཀར་བོའི་འཛུམ་མདངས་ལས།།
བུ་སློབ་ཀུ་མུད་སྟོང་གི་འདབ་བརྒྱ་གྲོལ།།
ཞི་འཇམ་མཛེས་མའི་འགྲམ་ཆང་བདུད་རྩི་ཡིས།།
དམུ་རྒོད་བ་ཀུ་ལ་ཡི་གཤིས་ཀྱང་བཏུལ།།

རིགས་རུས་སྙན་གྲགས་ཕྱོགས་ཞེན་རྩ་ནས་བོར།།
རང་འདོད་ཁེ་དང་གཡོ་སྒྱུའི་འཇའ་རིས་ཡལ།།
ཡོན་ཏན་ཟླ་བའི་འོད་ཀྱིས་སྨག་ཆེན་བཅོམ།།
སྐུ་ཚེ་རང་རིགས་སྐལ་ལྡན་གསོས་སུ་འབུལ།།

བདག་ཅག་རྨོངས་མུན་སྟུག་པོའི་ན་བུན་ལ།།
ཁྱེད་ཞལ་ནམ་མཁའི་འོད་ཀྱི་གུར་ཁྱིམ་ལས།།
རིས་མེད་འགྲོ་བའི་གདུང་སེལ་འོད་པོ་ཆེ།།
མི་ནུབ་བསྐལ་བརྒྱར་བཞུགས་པའི་གསོལ་བ་འདེབས།།

ལོ་ཟླའི་འཁོར་སྐྱོད་ཅིག་གི་ཧྲག་བར་ནས།།
བཤེས་གཉེན་བསུ་བའི་དུས་ཀྱི་ཞོགས་པ་འདིར།།
རྩ་བའི་བླ་མ་གཙུག་གི་ནོར་བུ་ལ།།
སྒོ་གསུམ་དྭངས་པས་ཕྱག་བགྱི་རྗེས་སུ་ཟུངས།།

ཞེས་པ་འདི་ནི་དགེ་རྒན་དུས་ཆེན་ཐེངས་སོ་གཉིས་པར་འདི་ཕྱི་ཐམས་ཅད་ཀྱི་སྐྱབས་གནས་གཅིག་པུ། མདོ་སྔགས་རིག་གནས་ཐམས་ཅད་ལ་མངའ་བརྙེས་པའི་སློབ་དཔོན་རྣམ་གསུམ་ལ་རྟེན་འབྲེལ་གྱི་ཚུལ་ཏུ་སློབ་བུ་ཡོངས་ཀྱི་གྲལ་མཐའ་བ་བན་ཤུལ་རིལ་དཀར་ནས་ཕུལ་བའོ།།         ༢༠༡༦ལོའི་སྤྱི་ཟླ་༩པའི་ཚེས་༡༠ཉིན།

དགེ་རྒན་ལ་ཕུལ་བའི་སྙན་ངག 

རང་གི་བློ་མུན་སེལ་བའི་སྒྲོན་མེ་ཚོར་ཕུལ།

དྭངས་གཙང་གི་ཆུ་བོའི་མིག་ཟུང་ལ།
སྐར་མའི་མེ་ཏོག་འཛུམ་དུས།
ཁྱེད་རང་། སྙིང་ཉེ་བའི་བྱིས་པ་དག་གི
རྨི་ལམ་འཕྲོག་ཏུ་སླེབས།
རྨི་ལམ་ཕྲོག་ནས། རེ་སྨོན་ཞིག་སེམས་ལ་སྒྲོན།

མཛེས་སྡུག་གི་མི་ཚེ་རེ་རེ། སྙིང་ལ་བསྒྲིགས་ཤིང་།
ཡིད་འོང་གི་འཛུམ་ཆུང་རེ་རེ། ཚེ་ནོམ་དུ་ཡང་ཡང་བསམས།

མཁས་གཙང་གཞན་ལ་ཕན་པར་འདོད་པའི་དམ་ཚིག་གིས།
ཁྱེད་རང་མདུན་ནས་མདུན་དུ་འཐེན།

གནམ་སའི་མུན་པ་སེལ་བའི་འོད་དཀར་དེ་ཁྱེད་ཡིན་ན།
ང་ནི་ཁྱེད་ཀྱི་བིྱན་རླབས་ལས་སྐྱེས་པའི་མེ་ཏོག་དེ་ཡིན།
ཁྱེད་ཀྱི་བློ་གྲོས་ཀྱི་མེ་ཏོག་ལས། ང་ལ་ཤེས་རིག་གི་སྦྲང་རྩི་གནང་།
ཁྱེད་ཀྱི་སྐྲ་དཀར་གྱི་ཉག་མ་རེ་རེ། ང་ཚོ་ནར་སོན་པའི་གོ་རིམ་ཨེ་ཡིན།

ང་ཚོ། ཕ་མའི་སྙིང་ཁོངས་ནས་ལམ་ལ་ཆས་ཤིང་།
ཕ་མའི་མིག་ཟུང་རུམ་ནས་རྒྱང་ལ་བཞུད་ཚེ།
ཁྱེད་ནི། ང་ཚོའི་ནམ་མཁའ་ལ་ཤར་བའི་ཉི་མ་ཡིན།

བདེན་རྫུན་དང་། ལེགས་ཉེས་ལྟ་བའི་བློ་མིག
སྡུག་བསྔལ་གྱི་ཚ་བ་འཇོམས་པའི་དཔག་བསམ་ལྗོན་པ་ཀྱེ།

དབྱངས་ཅན་བཞད་པའི་འཛུམ་ཟེར།
2016.09.09ལ།

མུན་སེལ་གྱི་མར་མེ་ཚེ་འབར།
          སྨན་དམིགས་བུས།

བློ་བཟང་རྒྱལ་བའི་རང་ལུགས་དྲི་མེད་ལམ།།

ལེགས་པར་འཛིན་ལ་སྨྲ་བའི་ཟླ་བྲལ་བ།།   
གདུལ་བྱའི་དོན་དུ་མི་ཡི་རོལ་གར་ཅན།།  
བཤེས་གཉེན་སྨྲ་བའི་དབང་བོར་གུས་ཕྱག་འཚལ།། 


བཀྲ་ཤིས་དགེ་ལེགས་བྱེ་བའི་འོད་ཀྱིས་འཁྱུད།། 
བདེ་ལེགས་ལམ་གྱི་རྩ་བ་བླ་མ་སྟེ།།   
ཕུན་ཚོགས་ཆོས་ཀྱི་གྲུ་ཆར་འཇོ་མཛད་པ།།   
དཔལ་ལྡན་བླ་མས་དུས་ཀུན་བདག་སྐྱོངས་ཤིག། 


ལམ་གྱི་གཙོ་བོ་ཐར་བའི་ལམ་སྟོན་པ།།  
སེམས་ཀྱི་མཆོག་གྱུར་སེམས་བསྐྱེད་རིན་པོ་ཆེ།།  
ཡང་དག་ཐུགས་ཀྱིས་ཡང་ཡང་བསྐུལ་བྱེད་པ།།   
སྨྲ་བའི་བླ་མར་དང་བའི་ཡིད་ཀྱིས་གསོལ།།


ལུང་དང་རྟོགས་པའི་བསྟན་པ་འཛིན་པའི་གཙོ།།
བྱམས་དང་བརྩེ་བའི་ཐུགས་རྒྱུད་རབ་ཕྱུག་པ།།
བླ་མེད་ཐུགས་བསྐྱེད་འགྲོ་བའི་དཔལ་ཤར་པའི།།
བཀའ་དྲིན་མཚུངས་མེད་རྩ་བའི་བླ་མར་འདུད།།


གངས་རིའི་ལྗོངས་སུ་ཤེས་རིག་སློབ་གླིང་ཞེས།།
ཤེས་བྱའི་རྣམ་དཔྱོད་འགྲན་སའི་དགའ་ཚལ་ཞིག།
སྙན་པའི་གྲགས་པ་འཛམ་གླིང་ཁྱོན་ན་སྡུར།།
འདི་ནི་ཁྱེད་ཀྱི་ཐུགས་རྗེས་སྟོབས་ཀྱིས་སྐྲུན།།


ལྷག་བསམ་འོ་མའི་མཚོ་ལས་རབ་འཁྲུངས་པའི།།
བརྩེ་ཆེན་བྱམས་ཀྱིས་བསྐྱངས་པའི་སློབ་འབངས་ཚོགས།།
དད་སེམས་གཙང་མའི་ཡིད་ཀྱི་མཆོད་པ་འདིས།།
རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཤོག།

ཞེས་ཁོང་གི་སློབ་བུའི་གྲལ་མཐའ་བ་སྨན་དམིགས་བུའམ་སྦྲ་ནག་པ་འཇིགས་མེད་རྡོ་རྗེ་རུ་འབོད་པས།

མུན་པ་སེལ་བའི་སྒྲོན་མེ།
                           ༧དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
       ---དབྱངས་ཀྱི་རྫི་བོ།
   སྒེར་སེམས་ཀྱི་དྲི་དང་བྲལ་ཞིང་གཞན་ཕན་གྱི་ལྷག་བསམ་ལྷུག་ལྷུག་ཏུ་གྲོལ་བའི་འཛམ་གླིང་གི་ཉིན་བྱེད་གཉིས་པ་སྟེ་དགེ་རྒན་རྣམ་པས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་ཞུ། དེ་རིང་ནི་ང་ཉིད་ལོ་ན་ཆུང་དུས་ནས་ང་རང་གི་ཕ་མ་བཞིན་བྱམས་པས་བསྐྱངས་ཤིང་དགྲ་བོ་ལྟར་སྡང་མིག་གིས་སྤྲད་པའི་དགེ་རྒན་ཚོའི་དུས་ཆེན་རེད། ཁྱེད་ཚོ་ནི་ང་ཉིད་དུད་འགྲོ་དང་མཚུངས་བའི་རྨོངས་ཤིང་དུབ་པའི་གླེན་རྒན་དེ་ཡིན་སྐབས་མིའི་གྲལ་དུ་སྐྱོང་མཁན་དེ་ཁྱེད་ཡིན་པས་ཁ་མིན་དོན་གྱིས་དགེ་རྒན་ཚོར་བཀའ་དྲིན་ཞུ་ན་འདོད། དགེ་རྒན་ཞེས་པ་ནི་རིག་གནས་ཀྱི་ཕ་མ་ཐོག་མ་དང་ཡོན་ཏན་ཀུན་གྱི་གཞི་མ་ཡིན་པས་རང་གི་དགེ་རྒན་ལ་དགའ་འོས་ཤིང་དགེ་རྒན་གྱི་ལེགས་བཤད་གང་གསུང་བ་ཐམས་ཅད་རང་གི་ནུས་ཚོད་ཀྱིས་བསྒྲུབ་ན་ལེགས་ད་དུང་རང་གི་དགེ་རྒན་ལ་བརྩི་བཀུར་ཅིས་ཀྱང་གལ་འགེངས་ཆེན་པོ་ཞིག་མ་རེད་དམ། བླ་མ་མེད་པའི་གོང་རོལ་ན། ། སངས་རྒྱས་བྱ་བའི་མིང་ཡང་མེད། ། ཅེས་གསུང་བ་ལྟར་བླ་མ་ལ་དད་གུས་དགོས་ཤིང་དགེ་རྒན་ལ་མི་དགོས་ཞེས་པ་ནི་ནོར་འཁྲུལ་ཡིན། དེ་བས་ན་ཁྱེད་ཉིད་ངོ་མ་དགེ་རྒན་ལ་དགའ་ན་དགེ་རྒན་དེས་དཔེ་ཁྲིད་གང་བྱས་ན་དེར་ཉན་སྤྲོ་ཞིང་སློབ་འདོད།དེ་མིན་དགེ་རྒན་ག་ནས་རིག་ན་ཕ་བསད་ཀྱི་ལག་དམར་མཐོང་བ་དང་འདྲ་བའི་རྣམ་འགྱུར་བསྟན་ན་དགེ་སློབ་ཀྱི་མཛའ་བརྩེ་ཕར་ཞོག དེ་ན་དགེ་རྒན་བཟང་བོ་ཞིག་ཡིན་ན་རང་གི་ཕ་མ་གཉིས་བཞིན་དུ་བརྩེ་བརྩེ་དགོས་དུང་དུངས་དགོས། ངའི་མགོན་གྱི་སྒྲོན་མེ་སེར་བོ། ངའི་སེམས་ཀྱི་ཟླ་བ་དཀར་བོ། ངའི་འཇིག་རྟེན་གྱི་མིག་གི་གོང་བུ། ངའི་མི་ཚེ་ཡི་སྟོན་པ་ཆེན་པོ། ཁྱེད་ཚོ་ནི་བྱིས་པ་མང་བོ་ཞིག་གི་གོང་ནས་ཤེས་རིག་གི་མེ་ཏོག་སྩོལ་མཁན་དེ་ཡིན་ལ། ས་གནས་ཡུལ་གྲུ་ག་གེ་མོའི་ཞིག་ནས། ཤེས་འཇོན་བཟང་གསུམ་གྱི་སློབ་བུ་སྐྱོང་མཁན་དེའང་རེད། སྤྱི་ཚོགས་ཀྱི་མི་མང་འདུས་ས་ནས་ཡོན་ཏན་གྱི་རྩལ་ཤུགས་ངོམ་མཁན། ང་ཡི་དགེ་རྒན་དམ་པ་ང་ཉིད་ཁྱེད་ལ་བཅོས་མ་ཡིན་པར་སེམས་གཏིང་དང་ཤ་གསེང་རུས་གསེང་ནས་ཁྱེད་ལ་དགའ་ལགས།དུས་ནམ་ཡང་ཁྱེད་ལ་དུང། ངའི་་མི་ཚེ་འདིར་རང་གི་དགེ་རྒན་ལ་ཞབས་འདྲེན་དང་ངོ་ལོག་མི་བྱེད་ཁོ་ཐག་ཡིན། དགེ་རྒན་ལགས། བཀའ་དྲིན་ཆེ། མཛད་འཕྲིན་རྒྱས།
            ༢༠༡༦/༩/༡༠ཉིན་དགེ་རྒན་དུས་ཆེན་ལ་ཕུལ།

དྲན་པའི་ཀློང་གི་དྲིན་ཆེན།

                 དབལ་དགུ་གཟི།ཡུལ་ཤུལ།
         དགེན་དམ་པ་དྲན་བཞིན་དུ་ཉིད་ཀྱི་དུས་ཆེན་བསུ་བ།


    ང་རང་སློབ་ཆུང་གི་དགེ་རྒན་གྱི་ལས་གནས་ལ་ཞུགས་ནས་ཅུང་འགོར་མེད་པའི་སྐབས་འདིར་སྔོན་ཆད་རང་ཉིད་ཀྱིས་བརྒྱུད་མྱོང་བའི་འདས་དོན་གང་མང་ཞིག་ཡིད་ལ་ངང་ངམ་ཤུགས་ཀྱིས་དྲན་ཡོང་ལ།ལྷག་པར་དུ་དགེ་རྒན་པ་སངས་ལགས་ཧ་ཅང་དྲན།ངས་ལོ་རིམ་དང་བོའི་ཐེམ་སྐས་བརྒལ་ཞིང་ཀ་ཁའི་སྦྱོར་ཀློག་གི་མགོ་རྩོམ་པ་ནས་བཟུང་སྟེ་ལོ་རིམ་བདུན་པའམ་དམའ་འབྲིང་དང་བོའི་བར་དུ་བོད་ཡིག་རྐང་འཛིན་དགེ་རྒན་བྱས་ཏེ་ནམ་ལོངས་ནས་མུན་མ་རུབ་ཀྱི་བར་དུ་སློབ་མའི་སློབ་སྦྱོང་གི་ཆེད་དུ་བརྒྱུགས་ཤིང་ལང་ཚོའི་འོད་མདངས་ཀྱང་བོད་ཕྲུག་སྣབས་ལུག་འགའི་དོན་དུ་བཏང་།

དེ་རིང་ཁ་སང་དགེ་རྒན་དམ་པས་བྱམས་བརྩེས་སྐྱོང་ཞིང་ཐུགས་ཁུར་གྱིས་གསོས་པའི་བརྒྱུད་རིམ་རེ་རེ་བཞིན་དུ་ཡིད་ལ་ལྷམ་མེར་འཆར།ད་ལྟ་རང་ཉིད་དགེ་རྒན་གྱི་སྟེགས་བུར་དངོས་ཡོང་དུས་དགེ་རྒན་དག་གི་འཚོ་བ་དང་སེམས་ཁམས་ལ་དངོས་སུ་རྒྱུས་ལོན་བྱུང་དུས་དྲིན་ཆེན་གྱི་དྲིན་དང་བྱམས་བརྩེའི་འོད་ཟེར་གྱི་རིན་ཐང་གཞི་ནས་ཤེས།
 ཁོར་ཡུག་གསར་བ་ཞིག་ནས་བྱ་བ་གསར་བ་ཞིག་གི་མགོ་རྩོམ་ནས་ཟླ་གཅིག་ཅུང་འགོར་མེད་ལ།དུས་ཚོད་དེའི་ཡུན་ལ་རྟག་པར་མིག་ལ་འཁོར་ཞིང་སེམས་ལ་དྲན་ཡོང་བ་ནི་དགེན་པ་སངས་ཡིནསློབ་ཁྲིད་སྐབས་སྐད་གསང་མཐོ་ལ་གཟབ་ནན་ཆེ་བའི་ཉམས་དང་།སློབ་ཁྲིད་ཀྱི་དུས་ཚོད་ཅི་ཙམ་རིང་ཡང་སུན་སྣང་དབེན་ཞིང་ཞུམ་པ་མེད་པའི་རྣམ་འགྱུར་ཞིག་ངང་གིས་མངོན་།གདོང་མདོོག་ཅུང་ནག་ཅིང་ཁྲོ་ཉམས་ལྡན་པས་སློབ་མ་པྲ་ཆལ་དག་གཟི་ཤུགས་ཀྱིས་གནོན་པའི་ཕོ་ཚུགས་ཆེ་བ་སོགས་ཀྱི་རྣམ་འགྱུར་དག་ཝ་ལེར་དྲན།དུས་རྒྱུན་ཉིད་ཀྱིས་ངར་ཨོ་རབ་ཅེས་འབོད་པའི་སྒྲ་དེ་རྣ་ལམ་ནས་ནམ་ཡང་ཡལ་ཐབས་བྲལ་ཞིང་ད་དུང་འཛིན་གྲྭ་ཡོངས་ཀྱི་རེ་འདོད་ལྟར་མཚན་གུང་དུས་ཚོད་གསུམ་པའི་ཐོག་ནས་ལངས་ཏེ་བློར་འཛིན་དུ་བཅུག་པ་སོགས་ཀྱི་ཕྱི་དྲན་གྱིས་སྙིང་ཁ་བཀང་།

    ཤེས་གསལ་ལྟར་༢༠༡༠ ལོའི་ཕ་ཡུལ་གྱི་གོད་ཆག་ལ་བསྟུན་ནས་དགེན་ཁོང་དང་བྲལ་དགོས་པའི་གནས་ཚུལ་སྐྱོ་བོ་ཞིག་སློབ་གྲོགས་སོ་ལྔའི་མགོ་ཐོག་ཏུ་ལྷུང་ཞིང་སློབ་གླིང་ཡོངས་རྫོགས་འུར་ཟིང་གིས་ཁེངས་པའི་སྐབས་དེར་ཁོང་གི་སེམས་གཏམ་རྣལ་མའམ་གྱེས་ཁའི་གདམས་ངག་ཏུ་བསྩལ་བའི།རང་རིགས་མ་བརྗེད།།རང་དོན་མ་འཆོར།།ཅེས་པའི་ཚིག་རྐང་ཟུང་དེ་མི་ཚེའི་རྒྱགས་ཕྱེ་རུ་ཁྱེར་ཇི་ཙམ་འགོར་རུང་ངག་ནས་བཟློ་འདོད་ཇེ་ཆེ་དང་གོ་བ་ཇེ་ཟབ་ཏུ་འགྱུར་བའི་ཚོར་སྣང་ཞིག་ནམ་ཡང་སེམས་སུ་གསལ།

   ཁོང་ལྟ་བུར་མཚོན་ན་ཁོར་ཡུག་ཆུང་ཞིག་གི་གྲགས་སྐོམ་གྱི་རྗེས་སུ་མི་རྒྱུག་པའི་དགེ་རྒན་དཀྱུས་མ་ཞིག་ཡིན་རུང་སེམས་སུ་མི་རིགས་ཆེན་པོ་ཞིག་གི་བདེ་སྡུག་ཉར་བའི་ཕོ་རྒོད་ཅིག་ཡིན།རྒྱུན་པར་སློབ་མ་རྣམ་ལ་གསུང་རྒྱུར།མི་རིགས་འདི་དང་ལྷག་པར་དུ་ཕ་ཡུལ་འདི་དཀའ་ཁག་གི་གནས་སུ་ལྷུང་ཡོད་པས་ཁྱོད་ཚོས་བོད་ཡིག་ཡག་པོ་སྦྱངས་ནས་མ་འོངས་པར་ཕ་ཡུལ་ལ་ཕན་ཐོགས་པའི་བོད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱ་ཐུབ་ན་བོད་ལ་བུ་སྐྱེས་པའི་དོན་གོ་ཆོད་སོང་བ་རེད་སོགས་རང་མི་རིགས་ལ་ཕྱི་འདང་བརྒྱབ་པའི་བསླབ་བྱ་གང་མང་གནངས་པར་དངོས་བརྒྱུད་ཀྱི་སློབ་མ་རྣམ་པའི་སེམས་ལ་གསལ།

མུན་སེལ་གྱི་སྒྲོན་མེ།

ལྷག་བསམ་ཟླ་ཤེལ་ག་བུར་སྤུངས་པའི་སྟེང་།།
ཕུན་ཚོགས་ཡོན་ཏན་དབྱིག་གིས་ཕྲ་བཏབ་པའི།།
རྨོངས་མུན་རྩད་ནས་གཞོམ་པའི་སྒྲོན་མེ་ཆེ།།
ཟླ་བྲལ་དགེ་བའི་བཤེས་རྣམས་ལ་གཙུག་གིས་འདུད།།


གནའ་དེང་རིག་པའི་ནགས་ཀླུང་སྟུག་པོའི་ཁྲོད།།
འབུམ་ཕྲག་གཙུག་ལག་ཟོས་པའི་སྒྲེགས་ངད་ཀྱིས།།
བདག་བློའི་རྐང་དྲུག་ལང་ཚོ་བསྐྱངས་པའི་དྲིན།།
ཚེ་རབས་ཕྲེང་བ་ཀུན་ཏུ་གཞལ་ནུས་ཅི།།


འབྱུང་གྱུར་གང་སྐུ་ས་འཛིན་ལྷུན་པོའི་སྤོར།།
ཚེ་བསོད་ལི་ཤིའི་མེ་ཏོག་འབུམ་བཀྲ་ཞིང་།།
མཛད་འཕྲིན་ཉི་ཟླ་ཟུང་གི་སྣང་བའི་གཟིས།།
གླིང་བདུན་གོ་ལ་ཟླུམ་པོར་ཁྱབ་གྱུར་ཅིག། 
སློབ་བུ་ངག་དབང་ཤེས་རབ་ཀྱིས་ལྷ་ལྡན་དག་པའི་ཞིང་ནས་སྨོན་པ་ཤུགས་དྲག་དང་བཅས་ ༢༠༡༦-༩-༡༠ ཉིན་ཕུལ།

༄༅། ། དགེ་རྒན་གྱིས་གནམ་འོག་སྐྱོབ་ཐུབ།
                                                          རྒྱ་འདུ་སངས་རྒྱས།

  ས་སྒང་ཧྲིལ་བོ་འདིའི་ཤེས་བྱ་རིག་གནས་གང་དག་ཅིག་ཡོད་ན་དེ་ནི་དགེ་རྒན་གྱི་བཀའ་དྲིན་ལས་བྱུང་བ་ཡིན་ལ། ཕྱི་སྣོད་ཀྱི་བཀོད་པ་ཡོད་ཚད་སེམས་ཀྱི་ཡུལ་ལྗོངས་སྣུམ་པོར་གཏོང་མཁན་དང་འཆམ་མཐུན་དུ་གནས་པའི་ཚེ་ན་དེ་ནི་དགེ་རྒན་གྱི་བཀའ་དྲིན་ལས་བྱུང་བ་ཡིན། མི་དང་མིའི་བར་བརྡ་སྤྲོད་གསེར་གྱི་འཁོར་ལོ་ཉི་འོད་བཞིན་བསྐོར་ཐུབ་པ་ནི་དགེ་རྒན་གྱི་བཀའ་དྲིན་ལས་མ་འདས་ལ། ཆོས་དང་འདོད་ཡོན་ངོ་མཚར་མཛོད་དུ་བསྐྲུན་ནུས་ན་ནི་དགེ་རྒན་གྱི་བཀའ་དྲིན་ལས་མ་འདས། ཟས་བཟའ་ཤེས་པ་དང་གོས་གྱོན་ཤེས་པ་ན་ནི་དགེ་རྒན་གྱི་བཀའ་དྲིན་ཁོ་ནར་རག མདོར་ན། དགེ་རྒན་ནི་གནམ་འོག་སྐྱོབ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཐོག་མ་དེའོ། །

  ཚན་རིག་པས་གནམ་གྲུ་ལ་སོགས་བཟོ་ཤེས་པ་དང་འཕྲལ་དུ་ལུས་པའི་ལུས་དང་སེམས་པ་བརྟག་པར་ནུས་པ་ན་ནི་དགེ་རྒན་གྱི་བཀའ་དྲིན་ལས་བྱུང་། གསོ་རིག་ལྷ་རྗེའི་གདན་ལ་འཁོད་པའི་མི་དེས་ནད་པ་ནད་ལས་འགྲོལ་ཕྱིར་གྱི་རྩལ་དང་ཤེས་པ། མི་ཚོགས་ཁྲི་འབུམ་དབུས་ནས་འཆད་དང་རྩོད་པ་རྩོམ་པ། ཕྱུག་བདག་ནོར་ལྷ་གཡང་དུ་ལེན་པའི་ཚོང་དང་ཚོང་ལས་ཀྱི་བྱེད་པོ། རོང་གི་གཤོལ་དང་ཟོར་བ་འཇུ་མཁན། འབྲོག་པའི་རྟ་དང་སྒོ་ཟོག་འདོགས་མཁན། རླངས་འཁོར་བསྐོར་ཤེས་དང་གནམ་གྲུ་གཏོང་ཤེས། ལྕགས་རྟ་ཞོན་ཤེས་དང་རྐང་ཐང་འགྲོ་ཤེས། མདོར་ན་ཁྱོད་ཀྱི་གང་ཤེས་པ་ཐམས་ཅད་དགེ་རྒན་ལ་བསྟེན་ནས་བྱུང་ཞིང་། དགེ་རྒན་ནི་མ་རིག་མུན་པ་སེལ་བར་མཛད་པའི་ཉིན་མོའི་མགོན་པོ་ཟེར་བ་དེ་ལས་མ་འདས། དེའི་ཕྱིར།  དགེ་རྒན་ནི་གནམ་འོག་སྐྱོབ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཐོག་མ་དེའོ།

དཔེར་ན། ང་བོད་ཡིན་ཞེས་པའི་མི་རིགས་ཀྱི་གཟུང་འཇུག་ཡོད་པ་དེ་བདེན་ན། གཟུང་འཇུག་དེ་ཐོག་མར་འཇོག་མཁན་སུ་རེད། ངས་སྐད་ཡིག་ཀློག་ཤེས་འདོད་པའི་མི་རིགས་ཀྱི་སྐད་ཡིག་ཤེས་པ་དེ་བདེན་ན།  སྐད་ཡིག་དེ་ཐོག་མར་སློབ་མཁན་སུ་རེད། ངས་བོད་ལྭ་གྱོན་ཤེས་སྙམ་པའི་རང་ཆས་བདག་པོར་རྒྱག་པ་དེ་བདེན་ན། བོད་ལྭ་དེ་ཐོག་མར་གྱོན་མཁན་སུ་རེད། ངས་ཕ་སྐད་གཙང་མ་བཤད་ཤེས་འདོད་པའི་མི་རིགས་ཀྱི་ལྕེ་དེ་ཡོད་པར་བདེན་ན། ལྕེ་དེར་ཕ་སྐད་གསེར་གྱི་བདུད་རྩི་ལྡུག་མཁན་སུ་རེད། ང་རང་སྲོལ་རྒྱུན་ལ་དགའ་ཞིང་དེེང་རབས་ལ་གཅེས་པའི་མི་དེ་ཡིན་པར་བདེན་ན། ངོ་མཚར་ལྟད་མོ་དེ་ཐོག་མར་ཤོད་མཁན་སུ་རེད།  གང་ལ་དད་པ་དང་ཅི་ལ་གནས་ལུགས་ཀྱི་རྒྱབ་ལྗོངས་འཚོལ་བའི་མིག་དེ་ཡོད་པར་བདེན་ན། གནས་ལུགས་དེའི་འབྱུང་ཁུངས་གང་རེད།  ཨ་མ་དང་ངོ་བོ་དབྱེར་མ་མཆིས་པ་ནི་དགེ་རྒན་ཡིན་ལ། དགེ་རྒན་དང་ངོ་བོ་དབྱེར་མ་མཆིས་པ་ནི་ཨ་མ་ཡིན། སུ་ཡི་ཨ་མ་ནི་དེའི་དགེ་རྒན་གྱི་ཐོག་མ་ཡིན་ལ། སུའི་དགེ་རྒན་གྱི་ཐོག་མ་དེ་ནི་དེའི་ཨ་མ་ཡིན།  ད་གཟོད་དགེ་རྒན་ནི་གནམ་འོག་སྐྱོབ་མཁན་གྱི་མི་སྣ་ཐོག་མ་དེའོ། །      ༢༠༡༦  ༩  ༩ཉིན་བླ་བྲང་དུ།

མཁས་པའི་སྒྲོན་མེ།
              སྦྲ་ནག་པ•མགོན་པོ་སྐྱབས།
སློབ་དཔོན་དམ་པའི་སློབ་གསོའི་ལམ་སྟོན་རེ་རེ།།
ཤེས་བྱའི་བདུད་རྩི་འཐུང་བའི་སྐལ་བ་འདི་ལ།།
བསླབ་བྱ་རེ་རེའི་གདམ་ངག་གནང་བཞིན་ཡོད་རེ།།
སྣོད་ལྡན་སློབ་མ་ང་ཚོ་སྤྲོ་བཞིན་ཡོད་རེ།།

ཤེས་བྱ་ཀུན་གྱི་བང་མཛོད་སློབ་དཔོན་དག་གིས།།
ལྷག་བསམ་ཉི་ཟླ་དཀར་པོའི་འོད་ཀྱིས་བསྐྱངས་བཞིན།།
རྨོངས་པའི་མུན་པ་བཅོམ་པའི་སྒྲོན་མེ་འོད་ཆེན།།
སེམས་ཀྱི་སློབ་དཔོན་དག་ལ་བཀའ་དྲིན་ཞུ་འོ།།

སློབ་དཔོན་དག་གི་དུས་ཚིགས་འཛུམ་གྱིས་བསུ་ལ།།
སློབ་དཔོན་དམ་པ་རྣམས་ཀྱིས་སྐུ་ཚེ་རིང་ཞིང་།།
ཁ་དྲོ་བཀྲ་ཤིས་བདེ་ལེགས་བསམ་དོན་འགྲུབ་ལ།།
སློབ་དཔོན་སྐུ་ལ་ནད་མེད་ཚེ་རིང་ལོ་བརྒྱ།།

༢༠༡༦.༩.༡༠ཉིན་མགོ་ལོག་ཏུ།

དགེ་རྒན་དུས་ཆེན་བསུ། 

སོ་སྲུང་།

     གང་ཞིག་བདག་ལ་ཡོན་ཏན་ནོར།།
     འདོམས་མཛད་རྗེ་བཙུན་བླ་མ་ཀུན།།
     རིགས་དང་རུས་ཀྱི་ཁྱད་མེད་པར།།
     བསྐལ་བའི་བར་དུ་སྤྱི་བོའི་ནོར།།


     དབྱངས་གསལ་ནོར་བུའི་ཕྲེང་བ་དང་།།
     འགྲོ་འདུག་མི་ཆོས་གསེར་རིའི་ནོར།།
     གང་གིས་གནང་མཛད་གཙུག་གི་རྒྱན།།
     བསྐལ་བའི་མཐར་ཡང་དྲན་པའི་རྟེན།།


     རྒྱ་དབྱིན་འཛམ་གླིང་མཐོང་བའི་མིག།
     ཚན་རྩལ་ཡིད་བརྒྱ་འགུག་པའི་དཔལ།།
     གང་གིས་བསྩལ་མཛད་དྲིན་ཆེན་རྗེ།།
     སྐྱེ་བ་བརྒྱར་ཡང་བརྗེད་དུ་མེད།།


     འཁོར་བའི་མ་རིག་མུན་པའི་ལམ།།
     མྱོང་བའི་མ་འདང་ངལ་བའི་རྒྱུ།།    
     གསལ་བར་སྟོན་མཛད་གཉེན་གྱི་བཤེས།།
     ཚེ་རབས་ཀུན་དུ་འབྲལ་མེད་ཤོག།
   
     མི་འགྱུར་སྐུ་ཡིས་བྱིན་རླབས་དང་།།
     ཕན་པའི་གསུང་གིས་ཚིག་གཅིག་ཉིད།།
     དགྱེས་པའི་ཐུགས་ལ་སྐད་ཅིག་ཙམ།།
     བདག་འབྲེལ་འདི་ཀུན་བྱང་ཆུབ་ཤོག།

དབྱངས་ཅན་མའི་ཞབས་རྗེས་བཏུས་པ།
  __དགེ་རྒན་དུས་ཆེན་ལ།

ཀ་དག་གཤིས་ལུགས་གཙང་མའི་མཁྱེན་བརྩེ་ཡིས།།
ཁ་བའི་ལུགས་གཉིས་ཚུལ་བཞིན་སྐྱོང་མཛད་པའི།།
ག་དུས་འགྲོ་བའི་དོན་ལ་དགྱེས་པ་གང་།།
ང་ཡི་སྙིང་གི་པདྨོར་རྣམ་ཀུན་བཞུགས།།


སྐྱ་རེངས་བུ་མོ་སླར་ཡང་འཛུམ་པའི་མུར།།
ཚངས་སྲས་མ་འང་ཅི་ཡིས་རབ་ཏུ་མྱོས།།
དབྱངས་ཀྱི་ཆུ་གཏེར་ས་ཡི་དཔྱིད་དུ་འབེབ།།
རྒྱུད་སྐུད་དག་ཀྱང་ཤུགས་ཀྱིས་འབྲད་པར་བྱེད།།


དེ་རིང་ལྷ་མོའི་དབྱངས་ཀྱི་ཁུགས་སོ་ན།།
དགེ་རྒན་དུས་ཆེན་བསུ་མའི་མེ་ཏོག་འཐོར།།
གསལ་དང་མི་གསལ་ཡིད་ཀྱི་ལྡེབས་རིས་ལ།།
འདས་སོང་དོན་གྱི་རི་མོ་ལྷུང་བར་བྱེད།།


བྱིས་དུས་སྨྱུག་མའི་རྟ་ལ་ཞོན་དུས་སུ།།
འཇིག་རྟེན་གཤིས་ལུགས་ལེགས་པར་སྟོན་པའི་མ།།
བྱིས་བློ་མེ་ཏོག་དྲི་མ་མ་ཡལ་བ།།
དེ་རིང་ཉིན་མོར་ཁྱེད་ལ་འབུལ་འདོད་ཆེ།།


གཞོན་དུས་ཀ་ཁའི་མགོ་རྟིང་སྒྲིག་པའི་ཕས།།
ཆོ་ག་ཆོས་སྤྱོད་སོགས་ཀྱང་བདག་ལ་བསླབས།།
མི་ཚེའི་གདམ་ཀ་གསལ་བོར་སྟོན་པའི་འོད།།
ནམ་ཡང་དྲན་ཞིང་དེ་རིང་ལྷག་ཏུ་དྲན།།


ཁ་དོག་དཀར་དམར་འགལ་དང་མི་འགལ་སོགས།།
ཟབ་དོན་གཞུང་ལ་འཕྲུལ་མེད་འཇུག་པའི་ལམ།།
རབ་ཏུ་གསལ་མཛད་དགེ་བའི་བཤེས་གཉེན་རྣམས།།
དེ་རིང་ཉིན་མོར་སླར་ཡང་སྐུ་དྲིན་དྲན།།


ཤེས་བྱ་ཀུན་གྱི་འཇུག་སྒོ་སུམ་རྟགས་གཞུང་།།
སྐལ་ལྡན་བུ་ལ་ཡངས་པོར་འབྱེད་པའི་མ།།
བསྐལ་བའི་བསྐལ་བར་སྐུ་དྲིན་གཞལ་མེད་ཀྱི།
སློབ་དཔོན་རྣམ་པ་དེ་རིང་དབྱངས་ཀྱི་མཆོད།།

ལི་གཡོན་བློ་མཁས།    ལི་ཐང་།

ངག་གི་མཆོད་པ། 

            ལི་སྐར་ཆེན། ལི་ཐང་།

ངག་གི་ལྷ་མོ་དབྱངས་སུ་བཞུར་བ་ཡིས།།
དབྱངས་གསལ་སོ་བཞི་མགྲིན་པའི་གསང་བར་འཁྱུད།།
དབྱངས་ལས་འཁྲུངས་པའི་སྐྱེས་ཆེན་མགོན་དུ་ཡང་།།
སྙན་མོའི་གསང་གི་མགྲིན་གླུ་དེ་རིང་སྩོལ།།


མི་ལུས་ཁྲི་སྟོང་དད་གུས་གཞུ་རུ་དྲངས།།
མི་ལུས་དག་མ་རབ་དཀར་ཁ་བར་གཏོར།།
མི་ལ་བཙུགས་པའི་རང་གཤིས་དྲང་མོ་མདའ།།
མི་ལས་མཆོག་གི་དམ་པ་གཙུག་ཏུ་བཀུར།།


ཤེས་རབ་བརྒྱ་ཡི་རལ་གྲིའི་སོ་ཁ་ནས།།
ཤེས་རྨོངས་གྲངས་མེད་མུན་པའི་རལ་བར་བཀར།།
ཤེས་པའི་གྲོང་དུ་ཉི་འོད་བརྡལ་བ་ཡིས།།
ཤེས་པ་ཆུང་ཆུང་ལང་ཚོའི་གོམ་སྟབས་བསུས།།


དྲན་པའི་རི་མོར་མཚོན་སྣ་བཀོས་པ་ལ།།
དཀར་བོ་དག་གིས་ལམ་གྱི་ཁ་ཕྱོགས་བགོས།།
དམར་ཆུང་སྲོག་ལ་ཐིག་ལེར་ཕབ་པ་ཡིས།།
མི་བུ་དག་མའི་མགོ་བོ་ཡར་ལ་བཅགས།།


དབྱངས་གསལ་མགྲིན་པར་ཐོགས་པའི་གླུ་བ་ཞིག།།
དབྱངས་གསལ་མེ་ལོར་བཀོད་པའི་ལང་ཚོ་ཞིག།
འདབ་དྲུག་དཔྱིད་ཀའི་དྲན་པ་ཁུར་བ་ལ།།
དཔྱིད་ཀྱི་ཕོ་ཉའི་ལུས་དབང་ཁྱོད་ཀྱིས་ཁུར།།


མི་ཚོགས་སྟོང་གི་རྒྱུ་སྐར་རྒྱལ་བོ་ལ།།
མི་སེམས་གཙང་མའི་གྲེ་བ་འགུལ་བ་ཡིས།།
བཀའ་དྲིན་མཚོན་པའི་སེམས་གླུ་དྲོད་མོ་ཏེ།།
དབྱངས་ཅན་མགོན་དུ་ཁྱེད་ཀྱི་སྙན་དབང་གསོལ།།

སྤྱི་ལོ་༢༠༡༦ལོའི་ཟླ་༩བའི་ཚེས་༩ཉིན་གྱི་དགོང་མོར།

ངག་གི་མཆོད་པ།
     ལི་ཐང་། དབྱངས་དཀར་པོ།

འཇིགས་པ་མེད་པའི་མཛད
བཟང་རླབས་པོ་ཆེ།།
མེད་ན་མི་ཆོག་བསྟན་འགྲོའི་སྲོག་ཤིང་ཉིད།།
རྒྱལ་བ་རྒྱས་པའི་གསུང་གི་ཐིགས་པ་ཡིས།།
མཚན་ཉིད་ས་མཐོའི་སྒང་ན་གྲགས་པ་འབར།།


ཚུལ་ཁྲིམས་གཙང་མའི་གོས་བཟང་རྒྱན་དུ་བླུབས།།
རྒྱ་ཕིབས་གསེར་གྱི་མཛད་པ་སྲིད་ན་དཀོན།།
མཚོ་མོའི་ཏོག་ཏུ་མཛེས་པའི་དམ་པ་ཁོང་།།
འདི་དང་ཕྱི་མའི་སྐྱབས་ཀྱི་མཆོག་ཏུ་བསྔགས།།


ལྡོང་རྒྱུད་བཙན་པོའི་རིགས་ལས་སྐུ་གཏམས་ཤིང་།།
ཡོན་ཏན་སྣ་ལྔ་ལ་སོགས་བློ་ལ་ཞན།།
མཚོ་མོའི་ངོགས་སུ་བཞུར་བའི་དད་
སེམས་ཞིག།
མ་བཀུར་ངང་གིས་གྲུབ་པ་ཅི་ལ་མིན།།


སློབ་འབངས་བརྒྱ་ཕྲག་འཛུམ་པའི་དཀྱིལ་འཁོར་དུ།།
བྱམས་བརྩེ་བུམ་པའི་བདུད་རྩི་རབ་ཏུ་འཇོ།།
ལས་ཀྱིས་འཕྲད་པའི་དམ་པ་གང་དེའི་གསུང།།
མ་རིག་མུན་འཇོམས་ཉི་མའི་འོད་དང་འགྲན།།


ཤེས་བྱའི་གཤོག་བཟུང་གཏེགས་པའི་དགེ་བའི་གཤེས།།
མི་ཚེ་ལམ་སྣ་འདྲེན་པའི་སྐྱེ་ཚལ་ནས།།
མི་གཞིར་གསེར་མདོག་སྐྲུན་པ་བཀའ་དྲིན་ཞུ།།


དགེ་རྒན་དུས་ཆེན་ལ་ཕུལ།              

རེ་གཞོན། ལི་ཐང་།

བྱམས་བརྩེ་དུང་གི་ཟླ་བ་མཁའ་ནས་འཕགས།།
དྲོད་འཇམ་ཉི་འོད་ས་གཞི་ཀུན་ལ་ཁྱབ།།
དགེ་བའི་བཤེས་གཉེན་རྣམ་པའི་དུས་ཆེན་ལ།།
བཅོས་མིན་སེམས་ཀྱི་སྨོན་འདུན་ཞུ་བ་ལགས།


དྲིན་གྱིས་བསྐྱངས་བའི་དྲིན་ལན་འཇལ་དཀའ་ལ།།
བྱམས་ཀྱིས་གཉོར་བའི་བརྩེ་བ་བརྗོད་བྲལ་བས།།
ཁྱོད་ཀྱིས་བདག་ལ་བསྩལ་བའི་ཡོད་ཚད་དག།
རིང་བོ་ཆུ་དང་མཐོ་བ་གངས་ལས་ལྷག།


རྐང་ལག་འཁྱོར་བོ་འདྲ་བའི་ཞ་བོ་ང་།།
ཁྱེད་ཀྱིས་མི་ཚེ་ལམ་ཆེན་བགྲོད་བྱེད་བཙལ།།
བླང་དོར་དབྱེ་བ་མི་ཤེས་དུད་འགྲོ་ང་།།
ཁྱེད་ཀྱིས་མྱི་མིང་བསྒྱུར་བ་བཀའ་དྲིན་ཞུ།།





རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-10 ལྟ་ཀློག (23484)