དགེ་རྒན་དུས་ཆེན་ལ་ཕུལ་བའི་སློབ་མའི་རྩོམ་ཡིག་བདམས་བཀོད། ཁག་གཉིས་པ།

དགེ་རྒན་དུས་ཆེན་ལ་ཕུལ་བའི་སློབ་མའི་རྩོམ་ཡིག་བདམས་བཀོད།   གཉིས་པ།

ཤིས་ཚིག་པད་མ་དཀར་བོ།

                                                                                    བློ་བཟང་མཁས་གྲུབ།  ཀླུ་ཆུ།

དྲེན་པ་མཆོག་གིས་ཆོས་གང་ཇི་སྙེད་ཇི་བཞིན་མཁྱེན་པ་སྟོང་ཁམས་ཆེན་མོར་ཡོན་ཏན་མཛོད་ཀྱི་གཏེར་གང་གཤོང་མིན་ལ། །

མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུའི་སྐུ་ཡི་གཟི་བྱིན་སྲིད་པ་གསུམ་པོར་ཆ་ཤས་ཙམ་གྱི་དཔེ་གང་ཡོད་མིན་ལ། །

ལས་དང་རྒྱུ་འབྲས་སྐྱེ་བ་སྔ་ཕྱིའི་དོགས་གནད་ཡོད་དོ་ཁབ་རྩེ་བཞིན་དུ་ཚུལ་བཞིན་སྲུང་ནས་བདེ་བའི་གཞི་མར་ཀུན་ནས་འདུལ། །

སྐྱབས་གཅིག་སྟོན་པའི་ལྟ་བ་བསྟན་པའི་རྗེས་སུ་བཟུང་སྟེ་ཕྱི་ལམ་དཀར་བོའི་ཕྱོགས་སུ་འཇུག་པར་གང་གིས་ཤིས་པ་སྩོལ། །

 

དྭངས་གསལ་ཞལ་རས་ཚེས་ཆེན་བཅོ་ལྔའི་དུང་ཟླ་ལ་ནི་སྐྱེངས་བ་ཡང་ཡང་སྟེར། །

ཉམས་འགྱུར་ལུས་ཀྱི་ཆ་ཤས་ཀུན་ལ་མཚན་དཔེ་བཟང་བོའི་རྒྱན་གྱིས་བཅིངས་བས་བརྟན་པ་འཕྲོག །

དབྱངས་ལྡན་ངག་གི་འདོད་པ་འཇོ་མཁས་སྙན་འགྱུར་སྟོང་གིས་སྨྲ་བ་མཆོག་གི་དཔལ་སྟེར་བས། །

ཤེས་རབ་རྩལ་གྱི་མེ་ལྕེ་སྤུར་ནས་མགྲིན་ལམ་ཡངས་བོའི་སྒོ་འཕར་ཕྱེས་བའི་ཤིས་པ་སྩོལ། །

 

རབ་དཀར་བྱད་གཟུགས་ཚར་དུ་མངར་བའི་ཕྱག་ན་པད་མོས་འགྲོ་ཀུན་ཡོངས་ལ་གཟིགས་མཛད་པ། །

ཐུགས་རྗེ་སྤྱན་གྱིས་བྱམས་དང་བརྩེ་བའི་བདག་ཉིད་ཆེན་པོས་དུས་ཀྱི་རྣམ་པ་གཡོ་མེད་པར། །

འདི་ཕྱིའི་ལམ་གྱི་སྨག་ཆེན་བཅོམ་མཁས་ཁྱེད་ལས་སྐྱབས་ཡུལ་གཞན་ནི་ཡོད་མ་ཡིན་པ་ལས། །

དགེ་གང་མཐའ་དག་རྗེས་སུ་བཟུང་སྟེ་འགྲོ་ཀུན་མ་ལུས་བདེ་གཤེགས་ས་ལ་འགོད་པར་ཤོག །

 

རབ་འབྱམས་མཁས་མང་གསེར་རིའི་ཕྲེང་བ་རྒྱུ་སྐར་ཁྲོད་ཀྱི་འོད་མདངས་ཇི་བཞིན་ཟབ་མོའི་ཆོས་ཕུང་ཐུགས་ཀྱི་སྙིང་ཁར་བསྐྱིལ། །

འཆད་རྩོད་རྩོམ་པའི་ཡན་ལག་ཀུན་གྲོལ་གློག་ཞགས་འཁྱུག་པའི་དཔལ་ལ་འགྲན་བཞིན་ཡོན་ཏན་མ་ལུས་ཆུ་མིག་བཞིན་དུ་བརྡོལ། །

གངས་ལྗོངས་མཐོང་བ་ཀུན་སྨོན་གཞི་རུ་བྱས་ཏེ་འགྲོ་མང་ཆོས་ལ་བསྐུལ་བཞིན་ཕན་བདེའི་ལམ་གྱི་སྒྲོན་མེ་བཏེགས་ནས་ཡོད། །

གང་བྱས་ཐམས་ཅད་ཆོས་སུ་སོང་ནས་ལེགས་ལམ་བོར་བའི་འགྲོ་ཀུན་མ་ལུས་ཡུན་གྱིས་བསྐྱངས་ནས་བདེ་གཤེགས་སར་བགྲོད་ཤོག །

 

 དབྱངས་གསལ་གྱི་སྐད་ཆ།

མཐོ་གཅིག་གཉིས་པ།       ཀླད་ཁུ།

 རྩྭ་ཐང་གི་རྒྱུད་པ་ལས་ཆད་པའི་མི

སྦྲ་ནག་གི་དུད་ཞགས་འཐུང་བའི་མཚན་མོའི་ཟླ་བ

སྒོ་ཁྱིའི་ཟུགས་སྐད་ལས་ཐོས་ཡོང་བའི་མེ་ལྕེ་འབར་སྟངས

ལྷ་ཚོགས་ཀྱི་རྨི་ལམ་དུ་གྲུབ་སྟེ       མ་མ་ལྟ་བུའི་སྒྱེད་པུའི་རྡོ་ནག

ཤེས་རབ་ཡིན་པའི་རལ་གྲི་ཁྲག་འཐུང

ཆེས་མཐའ་མཇུག་གི་བསིལ་རླུང་གི་དཔོན་པོ་ཡིན་པ་བཞིན

 

གྲོག་མ་མིག་མེད་ལ་གཤོག་པ་འཐོགས་པ་བཞིན

རྨི་ལམ་གྱི་ངོས་ནས་ཕུགས་བསམ་གྱི་ལང་ཚོ་གསོན

གཞས་ར་ཁྲ་མོའི་གཡས་གཡོན་ན་འཁོར་བའི་དབྱངས་རྟ་དེ

མེས་པོ་ལས་བརྒྱུད་ཅིང     སླར་ཡང་མེས་པོ་ལས་བརྒྱུད་ཡོང

དེ་ལས་དྲན་པ་སོས་རྗེས    ངས་སྒལ་ཚིགས་ལྕི་བའི་མི་དག་དྲན་འོང

 

དབྱངས་གསལ་གྱི་སྐད་ཆ་འདིར་སྙིང་ཤ་གསོན་པོ་ཞིག་ཡོད

དེའི་ནང་དུ་གྲོ་མ་མར་ཁུ་ཁེམ་གང་སྦས་ཡོད

དེ་ནི་བཞེས་འོས་པ་ཞིག་གིས་བཞེས་འགྲོ་བར་བདེན་ནམ།

 

ལས་དབང་ནི་ཅི་འདྲའི་ཐག་རིང་ཞིག་ནས་རྙེད་པ་ཞིག

ངས་རང་ཉིད་ཀྱི་ཤེས་རབ་བྱབས་ཁྲུས་བྱེད་མཁན་ནི་བྱེའུ་ལྟ་བུའི

མི་ཚེའི་ཐག་སྐུད་ལ་རྡེའུ་སྒྲིག་མཁན་དག་ཡིན་པར་འདོད   དེའང་བདེན་ནམ།

 


དེ་རིང་ངས་ཁྱེད་ཕྱོགས་སུ་སྙན་ངག་འབྲི་ན་འདོད

                                     རི་ཇག   {སྔོ་མཚོ}

ཁྱེད་ཀྱིས་ལྷག་བསམ་གྱི་བྱེའུ་མདའ་བཀོལ་ནས་

མུན་པ་དང་འདྲེས་པའི་སྡོང་མགོ་ནས

བླུན་རྨོངས་ཀྱི་གཤོག་པ་ཐོགས་པའི་བྱེའུ་ག་ཚོད་ཅིག

འོད་ཟེར་གྱིས་ཁྱབ་པའི་ནམ་མཁར་བདས་མྱོང་བ་སུ་ཡིས་ཤེས

 

ཆུང་དུས་སུ་ངས་བསམ་པར

ཁྱེད་ནི་བེའུ་རྫི་པྲ་ཚག་ཞིག་དང་འདྲ་སྟེ

བྱིས་པ་མང་བོ་ཞིག་གི་རྩེད་རྡོ་འཕྲོག་ནས

ཞ་སྨྱུག་དང་འབྲི་དེབ་ལ་བཙན་གྱིས་གོམས་སུ་བཅུག

 

ཆུང་དུས་སུ་ངས་བསམ་པར

ཁྱེད་ནི་ལས་དབང་བསམ་ནག་ཅིག་དང་འདྲ་སྟེ

ནར་མ་སོན་པའི་བྱིས་པ་མང་བོ་ཕ་མ་དང་བཀར་ནས

དབྱངས་གསལ་གྱི་འོ་མས་བཙན་གྱིས་གསོས་མྱོང

 

དེ་རིང་ངས་བསམ་པར

ཁྱེད་ནི་འོད་ཟེར་འཇམ་པོ་ཞིག་སྟེ

ངའི་བྱིས་དུས་མཚན་ལྗོངས་སུ

བསིལ་རླུང་དང་སྡོངས་ནས་ཁོར་ཡུག་གི་མུན་པ་མཐའ་དག

རྒྱང་རིང་དུ་དེད་མྱོང་བས་སོ

 

དེ་བས་དེ་རིང་ངས་ཁྱེད་ཕྱོགས་སུ་ཞྭ་མོ་ཕུད་ན་འདོད

དེ་རིང་ངས་ཁྱེད་ཕྱོགས་སུ་སྙན་ངག་འབྲི་ན་འདོད

                            

དགེ་རྒན་དུས་ཆེན་ལ་ཕྲན་ལ་ཆེས་ཐོག་མའི་དབྱངས་གསལ་གྱི་འབྲི་འོ་ལྡུད་མཁན་དེ་དྲན་པ།


༼དུས་དྲན་གྱི་མཆོད་པ།༽

                                          བསམ་གཏན་བསྟན་འཛིན།

དགེ་རྒན་ལགས། ཁྱེད་ནི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་ཞི་བདེའི་དེད་དཔོན་ཡིན།  དེའི་ཕྱིར། དེ་རིང་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདི་དང་བསྟུན་ཏེ་ངས་ཁྱེད་ལ་གོ་རིམ་ཡོད་པའི་མཆོད་པ་རྣལ་མ་ཞིག་བྱ་བར་འདོད།

མཐོ་སྒང་གི་འབྲོག་ཕྲུག་དག་གི་ལང་ཚོ་དང་རེ་བ་ཡོད་ཚད་རི་སྒང་གི་རླུང་ཁ་རུ་བསྐྱོད་ཅིང་མི་ཚེའི་རིན་ཐང་ཡོད་ཚད་འུར་ཐག་གི་སྣེ་མོ་ནས་ཟད་ཀྱིན་པའི་སྐབས་ཤིག་ལ།  ཁྱེད་ནི་ཏག་ཏག་ང་ཚོའི་མགོན་སྐྱབས་སུ་ཕེབས་བྱུང་། དུས་དེ་ནས། ང་ཚོ་ནི་ཁྱེད་ཀྱིས་ཤེས་རིག་གི་སྤང་ཐང་དུ་ཁྲིད་ཏེ། དབྱངས་གསལ་གྱི་གླུ་སྒྲ་སྙན་མོའང་བར་མེད་དུ་ལེན་དུ་བཅུག  དུས་དེ་བཟུང་ང་ཚོ་ནི།  དབྱངས་གསལ་སོ་བཞིའི་འགྱུར་མེད་ཀྱི་གྲོགས་སུ་གྱུར།    ང་ཡི་སློབ་དཔོན་ལགས། ཁྱེད་ནི་ང་ཚོའི་མགོན་སྐྱབས་དང་རྒྱབ་རྟེན་ཡིན་པས་ཁྱེད་ཅག་ལ་བཀའ་དྲིན་དང་ཁ་བཏགས་ཀྱི་མཆོད་པ་དང་པོ་འབུལ།

སློབ་བུ་ཁྱུ་གཅིག་དང་མི་རིགས་འདིའི་ལ་རྒྱ་ལ་བསམ་ཏེ། ཁྱེད་ཀྱི་སྐུ་ལུས་མི་འདོད་ནད་ཀྱིས་མནར་ཡང་མི་འཇིགས་སྤོབས་པའི་གོ་ཁྲབ་སྙིང་ལ་བགོས་ཏེ་སློབ་ཁྲིད་རྒྱུན་མི་ཆད་དུ་བྱེད་ཅིང་ཟད་པ་མེད་པའི་གདམས་ངག་གང་མང་གནང་། ཀྱེ། སློབ་དཔོན་དམ་པ།ཁྱེད་ལ་དེ་ལྟ་བུའི་ལྷག་བསམ་དང་དེ་ལྟ་བུའི་སྤོབས་པ་ཞིག་གང་ནས་འཁྲུངས་སོང་།                               

མཐོན་པོའི་ཁྲི་ལ་བཞུགས་ཏེ་དམ་ཆོས་འཆད་པའི་བླ་མ་དཔོན་པོ། རྒྱལ་ཁམས་རིག་པའི་བསྐོར་བའི་རྣམ་དཔྱོད་ཡངས་བའི་རིག་པའི་དཔའ་བོ། དཔལ་འབྱོར་ཁེ་ལས་བསྐྲུན་པའི་ཚོང་བ་ཆེན་པོ། གཞུང་ལུགས་རྒྱ་མཚོར་འཇུག་པའི་རིགས་པའི་ཁྱེའུ། ཡོད་ཚད་ནི་ཁྱེད་ཀྱི་གདུལ་བྱ་ཡིན་ཞིང་ཁྱེད་ཀྱི་སློབ་མ་ཡིན།

སློབ་དཔོན་དམ་པ།  ཁྱེད་ནི་ཇི་འདྲའི་རླབས་ཆེན་ཞིག་དང་ཅི་འདྲའི་མཆོག་གྱུར་ཅིག་རེད་ཨང་།


དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

སློབ་དཔོན་ལགས། ཁྱེད་ནི་གསེར་མདོག་གིས་ཤར་བའི་གངས་ལྗོངས་ཀྱི་ཉི་མ་སེར་བོ།

ཁྱེད་ཀྱི་བྱམས་པ་དང་ལྷག་བསམ།  བརྩེ་བ་དང་སྙིང་རྗེས་ངེད་གངས་ཕྲུག་ཁྲི་སྟོང་མང་བོར་ཤེས་རིག་གི་གནང་སྦྱིན་མཛད། ཁྱེད་ནི་བརྩེ་བའི་བདག་ཉིད་ཆེན་མོ་ཡིན།

སློབ་དཔོན་ལགས།ཁྱེད་མེད་ན་ང་ཚོའི་འཇིག་རྟེན་འདི་མུན་ནག་དང་སྨག་རུམ་གྱིས་བཏུམས་ཡོད།

ཁྱེད་ཀྱིས་ཐུ་བྷོད་གངས་རིའི་ལྗོངས་ལ་སློབ་གསོའི་དྲོད་ཁོལ་བསྩལ།

ཁྱེད་མེད་ན་མགོ་ནག་བོད་པ་ཚང་གི་བུ་ཕྲུག་ང་ཚོ་ལེགས་ཉེས་བླང་དོར་མི་ཤེས་པའི་ཅང་མེད་གླེན་པ་དེ་ཡིན་ངེས།

སློབ་དཔོན་ལགས།ཁྱེད་ཀྱིས་ཐུགས་བྱམས་བརྩེའི་འོད་ཟེར་མཁའ་རུ་སྤྲོས་ཏེ་རྐང་གཉིས་འགྲོ་བ་མི་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

ཁྱེད་ཀྱིས་ལྷག་བསམ་གྱི་འོད་མདངས་དེས་གངས་ལྗོངས་ཆོལ་གསུམ་གྱི་མུན་པ་ཁྱོན་ནས་སེལ་བར་བྱས།

ཁྱེད་མེད་ན་ཆོལ་གསུམ་གྱི་སློབ་བུ་ང་ཚོ་མི་ཤིས་གཏི་མུག་གི་ཁྲོད་ན་གནས་ཡོད་ངེས།

ཁྱེད་ཀྱི་གསུང་གི་བདུད་རྩི་རེ་རེས་ང་ཚོའི་ཤེས་འདོད་ཀྱི་སྐོམ་པ་གཏིང་ནས་སེལ་བར་བྱས།

སློབ་དཔོན་ལགས། ཁྱེད་ནི་ང་ཚོའི་སྤྱི་གཙུག་ན་གཟི་བྱིན་འབར་བའི་དེད་དཔོན་ཆེན་མོ་ཡིན།

ཁྱེད་ནི་གཞན་དོན་རྐྱང་རྐྱང་ལ་འབད་པའི་མི་ཡི་རྣམ་པར་རོལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེ་ཡིན་ནོ།།

                               དཀོན་མཆོག་རད


འཇམ་གཤིས།

མཐོ་གཉིས་གཉིས་པ།   བཀྲ་ཤིས་རྒྱལ།

དེ་རིང་གི་འཇིག་རྟེན་འདི།

འོད་ཀྱིས་ཁེངས་པའི་ཉི་མ་ཞིག

གངས་དཀར་བོའི་དབུ་རྩེ་ན།

གཟི་དཔལ་འབར།

ས་དོག་མོའི་སྒལ་གཞུང་ན།

མཚན་སྙན་གྲགས།

མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ།

ལོང་བ་ལྟ་བུའི་མི་རིགས་འདིའི་ལྷ་རྗེ་ཁོ་ན།

སྤྲང་བོ་ལྟ་བུའི་སྤྱི་ཚོགས་འདིའི་བསམ་པའི་རྒྱགས་ཕྱེ།

བསམ་བློས་དབུལ་བའི་མི་རིགས།

མི་གཤིས་བོར་བའི་ང་ཚོ།

མདོར་ན་དབུལ་བོ་དབུལ་རྐྱང་གིས་འཚོ་བའི་མི་རིགས་འདིའི།

རྣམ་ཤེས་གསོན་པོ།

ཀླད་པའི་འཆིང་རྒྱ་གྲོལ་བའི་ལྡེ་མིག

སྣང་བའི་མུན་པ་སེལ་བའི་སྒྲོན་མེ།

ང་ཚོ་ནི་གཤོག་ཡ་མེད་པའི་བྱ་ཁྱུ་ཞིག

ཁྱེད་ནི་གཤོག་པ་ཡ་གཅིག

ང་ཚོ་ནི་གསོན་བྲལ་དུ་བཏང་བའི་དྭ་ཕྲུག་ཁྱུ་གཅིག

ཁྱེད་ནི་ང་ཚོའི་ཕ་མ་གཉིས་པ།

སློབ་དཔོན་དམ་པ།

མི་ཚེའི་ལས་དབང་ལ་ཁ་ལོ་སྒྱུར་བའི་རིན་བྲལ་ནོར་བུ།

ང་ཚོའི་མི་ཚེ་ལ་འོད་སྣང་བསྐྲུན་པའི་བྱང་ཆུབ་སེམས་དཔའ།

དེ་རིང་གི་འཇིག་རྟེན་འདིའི་ཡུལ་གྲུ་སོ་སོ་ན།

རི་ལུང་ཐང་གསུམ་ན།

ཁྱེད་ལ་བསྟོད་ཚིག་གི་མཆོད་པ་འབུལ་ཞོར།

དགའ་བདེའི་དཔལ་ལ་རོལ་བཞིན་ཡོད།


དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

དགེ་རྒན་ལགས། ངའི་མ་རིག་པའི་མུན་པ་སེལ་བའི་བཀའ་དྲིན་ཅན། ངའི་མི་ཚེ་ལ་འོད་སྣང་སྦྱིན་མཁན་གྱི་བཀའ་དྲིན་ཅན་ལགས། 

ཁྱེད་ལ་གོང་ནས་གནང་སྦྱིན་དང་འོག་ན་འདབས་སྐྱོར་མེད་པ་སུ་ཡིས་ཤེས། དགེ་རྒན་ལགས། ངོ་མ་བཤད་ན་ཁྱེད་ནི་རང་གི་འཚོ་བ་དང་ལྟོ་རྒྱབ་ཀྱི་ཆེད་དུ་བསྡད་མེད་པར་མི་རིགས་སློབ་གསོའི་ཆེད་དུ་ཁོམ་གྱིན་མེད་པ་ང་ཚོས་ལོས་ཤེས། ཁྱེད་ཚོས་ང་ཚོའི་དོན་དུ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་ཉི་མ་གང་མང་སོང་།

དགེ་རྒན་ལགས།  ང་ཚོ་ཆུང་དུས་སུ་སློབ་ཁྲིད་ལ་ཡག་པོ་མཉན་རྒྱུ་དང་ལས་བྱ་ཆ་ཚང་བྲི་རྒྱུ་ནི་ང་དོན་ཡིན་པ་མ་ཤེས་པས་དགེ་རྒན་གྱིས་གཅར་བ་དང་བསྡིགས་ན་དགེ་རྒན་གྱིས་ང་ཚོ་ལ་མི་གཅེས་ཀི་བསམ་མྱོང་།   ང་ནར་སོན་ཏེ་ཕྱིར་འདང་ཞིག་རྒྱབ་དུས་དེ་ནི་ནོར་འཆུག་ཁོ་ཐག་རེད། དགེ་རྒན་ལགས། བཀའ་དྲིན་ཆེ།

ཁྱེད་ཀྱི་དུས་ཆེན་ལ་སྙིང་ཁོང་ནས་རྟེན་འབྲེལ་ཞུ།

                                 དངོས་གཞི་འཛིན་གྲྭ།

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

དངོས་གཞི་འཛིན་གྲྭའི་སློབ་བུ་ཡེ་ཤེས་རྒྱ་མཚོ་ཆུང་གིས།

དགེ་རྒན་ལགས།  ཁྱེད་ནི་ང་ཚོའི་མགོན་སྐྱབས་ཡིན།

ཁྱེད་རང་ནངས་སྔ་ལང་དང་དགོང་འཕྱི་ཉལ་ བྱས་ཏེ་ང་ཚོའི་དོན་དུ་འདུར་བ་ནི་ཐེངས་གཅིག་མིན།

ཡིན་ནའང་ང་ཚོས་ཁྱེད་ཀྱི་བཀའ་དྲིན་མི་ཚོར་བར་རང་སྣང་མཐོན་པོས་ངང་ཁྱེད་ཀྱི་གསུང་ཁ་མ་བརྩིས་པའང་ཉུང་ཉུང་མིན།

དེ་རིང་དགེ་རྒན་དུས་ཆེན་གྱི་ཉིན་མོར་སློབ་མ་ང་ཚོས་དགེ་རྒན་ཁྱེད་ཚོའི་སྐུ་ཚེ་ཡུན་བརྟན་ཕྱིར་དང་མ་ཡུམ་སློབ་གྲྭའི་རླུང་རྟ་མཁའ་ལ་མཉམ་ཕྱིར་ད་ནས་བཟུང་རང་ཉིད་ནས་མགོ་བརྩམས་ཏེ་སྒྲིག་ལམ་ཚུལ་བཞིན་བརྩི་ཞིང་སློབ་སྦྱོང་ཡག་པོ་བྱེད་པའི་དམ་བཅའི་རི་མོ་སྙིང་ལ་བརྐོའོ། །

མཐར་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

དངོས་གཞི་འཛིན་གྲྭའི་སློབ་བུ་དགྲ་ལྷ་སྐྱབས་ཀྱིས།


དགེ་རྒན་ཁྱེད་ཚོས་སློབ་བུ་རྣམས་ལ་དགེ་བའི་ལམ་སྣ་བསྟན།

ཁྱེད་ཚོས་དུས་ནམ་ཡང་དཀའ་བ་ཁྱད་དུ་བསད་ནས་ང་ཚོ་སློབ་བུ་རྣམས་རང་གི་ཤ་ལས་ཆད་པའི་བུ་བཞིན་བསྐྱངས།

དགེ་རིང་དགེ་རྒན་དུས་ཆེན་གྱི་ཉིན་མོར་ང་ཚོས་ཁྱེད་རྣམས་ཀྱི་དྲིན་ལན་མཇལ་ཕྱིར་དུ་བ་དང་ཆང་ལ་མི་རོལ་བ།

གྲོགས་ངན་པ་དང་ལྷན་ཅིག་མི་འགྲོགས་པའི་དམ་བཅའ་འཇོག

དགེ་རྒན་ལགས། ཁྱེད་ཚོའི་བཀའ་དྲིན་མཚོ་ལས་ཟབ་ཅིང་རི་ལས་བརྗིད།

དེ་རིང་སློབ་བུ་ང་ཚོའི་ཁྱེད་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

༄༅།།སློབ་དཔོན་མཆོག་ལ་རྟེན་འབྲེལ་ཞུ།
                                གཙང་སྐྱེས་དཔལ་གཡང་གིས།


སྐུ་ཡི་མཚན་དཔེའི་མེ་ཏོག་འདབ་བརྒྱ་བཞད།།
གསུང་དབྱངས་འགག་མེད་ཤེས་བྱའི་དེ་ཉིད་འཆད།།
ཐུགས་ལ་ཤེས་བྱའི་འོ་མཚོ་འཁྱིལ་བའི་མགོན།།
ང་ཡི་སློབ་དཔོན་དམ་པ་སྙིང་ནས་བསྟོད།།


གནས་ལྔ་རིག་པའི་གཞུང་ལ་རབ་མཁས་ཤིང་།།
བྱམས་སེམས་འོ་མའི་རང་མདངས་དྲག་ཏུ་འཕྱུར།།
འཛམ་གླིང་རིག་པའི་ཁ་ཕྱོགས་འཁོར་ལོ་ཁྱེད།།
ངེད་ཅག་ཀུན་ལ་མཁོ་བའི་སྙིང་ནོར་ཡིན།།


བྱམས་དང་སྙིང་རྗེའི་སེམས་ཀྱིས་ཐུགས་རྒྱུད་བརླན།།
གླིང་འདིའི་རྨོངས་པ་སེལ་བའི་སྒྲོན་མེ་ལགས།།
སློབ་དཔོན་དུས་ཆེན་བསུ་བའི་ཉིན་མོ་འདིར།།
ཡིད་སེམས་སྤྲོ་དགས་མཆོད་པའི་མེ་ཏོག་འབུལ།།
      2016.9.9ཉིན་མ་ཡུམ་ཤེས་རིག་གླིང་དུ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-10 ལྟ་ཀློག (15596)