དགེ་རྒན་དུས་ཆེན་ལ་ཕུལ་བའི་སློབ་མའི་རྩོམ་ཡིག་བདམས་བཀོད། ཁག་དང་བོ།

དགེ་རྒན་དུས་ཆེན་ལ་ཕུལ་བའི་སློབ་མའི་རྩོམ་ཡིག་བདམས་བཀོད།


སློབ་དཔོན་ཐོན་མི།

མཐར་ཕྱིན་དང་བོ།  བྱ་མདོ་བསམ་རྒྱམ།


ཐུགས་རྗེ་གཞན་དབང་འགྲོ་བའི་མིག་གཅིག་པུ།།
བློ་བཟང་རིག་པའི་དཔལ་བརྙེས་ཡངས་པའི་མཐོངས།།
ཤེས་བྱའི་བཅུད་ཀྱིས་གཏམས་མངའ་ཁྲི་གདུགས་མདངས།།
ཡོངས་ཀྱི་སློབ་དཔོན་གང་དེའི་ཞབས་ལ་འདུད།།

རྨོངས་མུན་ཀུན་འཇོམས་ཤེས་རབ་ལྷ་མཆོག་ཉིད།།
བདག་སོགས་སྐལ་བཟང་ཞིང་དུ་ཉེར་སྤྲུལ་ཏེ།།
རེ་བའི་ས་བོན་རྨང་ནས་ལེགས་བསྐྱངས་པའི།།
དུས་གསུམ་ཐུགས་རྗེ་ཅན་གྱི་མཛད་བཟང་དྲན།།

གངས་ཀྱི་རི་ལ་དབྱངས་ཀྱི་ང་རོ་བསྩལ།།
ཁ་བའི་ལྗོངས་སུ་མཁས་བརྒྱའི་སློབ་དཔོན་མཛད།།
བྷོ་ཊའི་ཡུལ་ཁམས་རྨོངས་ལས་གྲོལ་མངའ་བའི།།
མཚན་བཟང་དཔལ་འབར་བླ་མའི་རྣམ་ཐར་དྲན།།

ཚ་གྲང་ངལ་བའི་བགྲོད་པ་ལྗོངས་སུ་བསྒྱུར།།
ལྟོགས་སྐོམ་དཀའ་བའི་ཉིན་ཞག་རི་ནས་བསྐྱལ།།
གདུལ་བྱའི་རེ་འདོད་གྲུབ་པའི་རྟེན་འབྲེལ་དུ།།
ཕྱི་རོལ་ལ་སོགས་བཀུར་སྟིས་མཆོད་པ་ཕུལ།།

རྣམ་དཔྱོད་ཤེས་རབ་གུར་ལས་ཉེར་འཁྲུངས་པའི།།
དབྱངས་ཀྱི་ང་རོ་གསེར་གྱི་རི་མོ་ཅན།།
ཕྱག་ཏུ་བསྟར་བའི་དུས་བཟང་ཉིན་མོ་ལ།།
རྒྱལ་བློན་ཚོགས་ཀྱིས་དགའ་མགུས་གསོལ་སྟོན་བགྱིས།།

ཉིས་སྟོང་ལོ་རབས་བརྒལ་བའི་དུས་ཀྱི་ཚེ།།
གསེར་གྱི་རི་མོའི་འོད་སྟོང་གླིང་བཞིར་འཕྲོས།།
དེ་འཛིན་སྐྱོང་མངའ་བླ་མའི་ཚོགས་རྣམས་ཀྱིས།།
ཉིད་ཀྱི་མཛད་བཟང་བུ་སློབ་སྙིང་དུ་ཉར།།

རྫོགས་ལྡན་སྐྱ་རེངས་མཁའ་མཐའི་རི་ནས་བཀྱགས།།
རེ་བའི་ཉི་གཞོན་གངས་ཀྱི་མདངས་ལ་འཚེར།།
སྐལ་བཟང་བུ་སློབ་དད་པའི་གདུང་འབོད་ཀྱིས།།
དབྱངས་གསལ་ནོར་བུའི་མཆོད་པ་ལན་མང་འབུལ།།

གཡོ་མེད་སེམས་ཀྱི་རང་སྒྲ།

མཐར་ཕྱིན་དང་བོ།རྐང་བསོད་བློ།

འཁོར་བའི་ཕུན་ཚོགས་སྲིད་པའི་བདེ་སྡུག་ལ།།
མ་ཆགས་ཐར་བའི་ལམ་ལ་འགོད་མཛད་མཁས།།
ཀུན་གསལ་སྣང་བའི་འོད་ཀྱི་བྱེད་པོ་སྟེ།།
དྲིན་ཅན་སློབ་དཔོན་རྣམས་ལ་མཆོད་པར་བསྟོད།།

ལྔ་རིག་འདབ་སྟོང་པད་མོའི་རྩེ་དགའ་ལ།།
ཇི་དགར་དགྱེས་པའི་ཞལ་གྱིས་ཉེར་དྲངས་ཏེ།།
བཀྲེས་སྐོམ་གདུང་བས་མནར་བའི་སྦྲང་ཆུང་ཁྱུ།།
གཤོག་འགྱུར་གར་གྱིས་རྩེན་པ་སྙིང་ནས་དྲན།།

འདི་དང་ཕྱི་མའི་ཕྲེང་ལམ་སྐྱ་བོ་རུ།།
སེམས་ཀྱི་རྒྱགས་ཕྱེ་ཀུན་གྱི་མཆོག་གྱུར་པ།།
ལུགས་དང་ལུགས་མིན་འབྱེད་པའི་ཤེས་རབ་མིག།
སྩོལ་མཛད་བླ་མའི་སྐུ་དྲིན་ཡང་གཅིག་དྲན།།

རབ་འབྱམས་སྲིད་པའི་ཆོས་ཀྱི་དེ་ཉིད་ལ།།
ཡང་དག་དཔྱོད་པའི་བློ་གྲོས་ནམ་མཁའི་ཁྱོན།།
སྣང་གསལ་ནོར་བུའི་ཚོགས་ཀྱིས་ཉེར་དྲངས་ཏེ།།
ཕངས་མེད་བརྩེ་བས་སྐྱོང་བའི་མགོན་ཁྱེད་དྲན།།

དཔག་མེད་གཞུང་ལུགས་རྒྱ་མཚོའི་ཀློང་ཡངས་སུ།།
སྐྱོད་པའི་ཤེས་རབ་གྲུ་གཟིངས་ཆེན་པོ་ཡིས།།
ཉམ་ཆུང་བས་མཐར་ལུས་པའི་སྐྱེ་འགྲོའི་ཚོགས།།
འདྲེན་མཛད་བླ་མའི་ཐུགས་རྗེ་ཡང་ཡང་དྲན།།

ལྷག་བསམ་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།།
བྱམས་བརྩེའི་སྦྲང་ཆར་འཇོ་བའི་དངོས་གྲུབ་ལ།།
འཛུམ་ལྡན་པད་མོ་སྟོང་གི་འདབ་མ་ཡིས།།
དད་པའི་སྙིམ་པ་དགོང་སྔོན་དབྱིངས་སུ་བཏེགས།།

ངལ་བའི་ཐིགས་པ་གསེར་གྱི་པད་མོའི་འབྲས།།
བརྩོན་པའི་སྙིང་སྟོབས་རི་རྒྱལ་ལྷུན་པོའི་དཔངས།།
སྲིད་པའི་ཁྱོན་ཀུན་བཀླུབས་པའི་ཉི་མའི་དཔལ།།
བདག་གི་སློབ་དཔོན་ཐར་བའི་མགོན་དུ་བརྟན།།

མྱ་ངན་སྡུག་གི་འཁོར་བའི་ཐང་ཆེན་ལ།།
ལེགས་ཉེས་དཔྱོད་པའི་མཆོག་གྱུར་ཤེས་རབ་མིག།
སྦྱིན་མཛད་བླ་མའི་མཛད་འཕྲིན་སྣང་བ་ཡིས།།
ཁམས་གསུམ་རྨོངས་པའི་དགྲ་ཆེན་འཇོམས་པ་དགེ།།

བཤེས་གཉེན།

མཐར་ཕྱིན་དང་བོ།པདྨ་རང་གསལ།

དྲི་ཟའི་ན་ཆུང་ངག་གི་མཚོ་བྱུང་མས།།
བརྡུང་བའི་རྒྱུད་སྐུད་དབྱངས་ཀྱི་དོ་ཤལ་ནི།།
བསྟར་བའི་ཚིག་གི་ཕྲེང་བ་ལ་བརྒྱུས་ཏེ།།
མ་བཅོས་མཛའ་བའི་སྐུ་ལ་རྒྱན་དུ་བསྒྲོན།།

ཁྱེད་ནི་བདེན་གཉིས་གསལ་བའི་ཉིན་བྱེད་དེ།།
གཡོ་དང་རྫུན་གྱི་ཆོ་འཕྲུལ་ཤེས་པའི་མུར།།
སྲེད་པའི་འོ་འཛིན་མིག་ལ་ཐོགས་བཞིན་དུ།།
གཞན་དོན་གཞན་གྱིས་སྒྲུབ་པའི་ངལ་བ་འཛིན།།

དེ་ཕྱིར་ལེགས་བཤད་བདུད་རྩིའི་གྲུ་ཆར་གྱིས།།
གསར་བྱུང་དཔྱིད་ཀྱི་འཛིན་མ་རབ་བརྒྱན་པ།།
མི་འདོད་ན་ཡང་སྐྱེས་ཀྱི་པདྨ་ནི།།
དྭངས་པའི་ཡིད་ཀྱི་མཚོ་མོར་ཅིས་མི་གད།།

མཛའ་གཅུགས་འཛུམ་པའི་མདངས་ཀྱི་རྒྱ་གྲོལ་མ།།
མཛའ་འདྲིས་སེམས་ཀྱི་གང་བུ་ལ་སྨིན་ཏེ།།
མཛའ་འཐུན་མཛའ་བོའི་ལན་བུ་ལ་འཆང་བའི།།
མཛའ་བརྩེ་བཤེས་ཀྱི་སྙིང་བོར་བསྔགས་ཅི་འགལ།།

དེ་ལྟ་ན་ཡང་བདག་མགྲིན་ལས་དམན་པས།།
ཡོན་ཏན་ས་ཡི་རྡུལ་གྱི་ཕུང་བོའི་གྲངས།།
ཚིག་འཕྲུལ་རྩིས་ཀྱི་འཁོར་ལོས་ཟིན་མིན་ཡང་།།
ཆེས་ཆེར་སྨོན་པས་དབྱངས་རྟ་འདི་ཐལ་ལོ།།

ཕན་སེམས་གངས་ཀྱི་ཁང་བཟང་ལས་འོང་བའི།།
ལྷག་བསམ་རྫ་ཆུའི་རྒྱུན་བཟང་དྭངས་པ་མོར།།
འཆར་བའི་ལུགས་གཉིས་གསེར་གྱི་འཁོར་ལོ་ནི།།
སྤྱོད་འདོད་ཡིད་ཀྱི་ག་བུར་སྩོལ་བ་གྲངས།།

འགྲོ་ཡིད་རྨོངས་བའི་སྨག་རུམ་ཚང་ཚིང་མ།།
འཇོམས་བྱེད་ལུང་རིགས་གློག་གི་ཞགས་པ་ནི།།
བརྩེ་ཆེན་ཐུགས་ཀྱི་ནམ་མཁའ་ལས་དྲངས་པ།།
ཁྱེད་ནི་མུན་པ་གསལ་བའི་སྒྲོན་མེ་ལགས།།

དེང་འདིར་སྙིགས་ལྔ་ཆེས་ཆེར་རྒོད་པའི་དུས།།
གཞན་ཕན་ཏིང་འཛིན་ཤེལ་གྱི་བུམ་པ་ནི།།
བྱམས་བརྩེའི་ཕྱག་ཏུ་བསྣམས་པའི་སློང་མོ་བ།།
བཤེས་གཉེན་ཡོན་ཏན་གླང་བོ་འཛིན་པ་ཙམ།།

པདྨའི་སྙིང་དབུས་འཛུམ་པའི་ཟེའུ་འབྲུ་ལ།།
དད་པའི་ཤུགས་ཀྱིས་འཐོར་བའི་མུ་ཏིག་ནི།།
བདག་འགྲིན་བསོད་ནམས་པིར་གྱི་རྩེ་མོ་རུ།།
འཇའ་ཚོན་ཟོལ་གྱིས་འཛུམ་པའི་རི་མོ་བཞིན།།

སྐལ་བཟང་སྨོན་པའི་རྟ་མཆོག་ལ་ཆིབས་ཏེ།།
ཀྱེ་མ་ངོ་མཚར་སྤྲིན་གྱི་གདེངས་ཀ་རུ།།
ཞུགས་པའི་བསོད་ནམས་རླུང་གི་དཀྱིལ་འཁོར་གྱིས།།
གང་སྐུ་མི་ནུབ་ཉི་གཞོན་གསལ་གྱུར་ཅིག།

རྒྱལ་སྤྱིའི་དགེ་རྒན་དུས་ཆེན་ལ་ཕུལ་བའི་ཤིས་ཚིག་ངག་རིག་འབྲི་འོའི་བསུང་ངད། ཨ་ཚོགས་བན་དེ་རྒྱལ། ༼མཚོ་ལྷོ༽

རྒྱལ་ཀུན་མཁྱེན་པ་གཅིག་བསྡུས་འཇམ་དབྱངས་པ།།

ཐུགས་རྗེ་པད་དཀར་འཛིན་གྱི་སྤྱན་རས་གཟིགས།།

བདུད་དཔུང་ཡང་དག་སེལ་བ་གསང་པའི་བདག།

དབྱེར་མེད་རྣམ་རོལ་ཡབ་རྗེ་བླ་མར་འདུད།།

 

སྙིགས་མའི་མི་ལ་ཐར་བའི་ལམ་བུ་སྟོན།།

ཉོན་མོངས་པ་ལས་རབ་ཏུ་འགོངས་འཛད་པ།།

གངས་ལ་ཉི་ལྟར་འཚེར་བའི་སློབ་དཔོན་ཁྱེད།།

སྒོ་གསུམ་གུས་པས་སྙིང་གི་མཆོད་པ་འབུལ།།

 

འཇིགས་བྲལ་སྟོབས་བཅུ་དང་ལྡན་ཉེ་རིང་བྲལ།།

རྒྱལ་བའི་གསུང་རབ་ཉིད་ཀྱི་མཛད་པས་མཚན།།

གངས་ཅན་སློབ་གསོའི་བ་དན་འཕྱར་མཁས་པ།།

སློབ་དཔོན་རྣམ་པའི་མཛད་འཕྲིན་རྒྱས་གྱུར་ཅིག།

 

ཚུལ་མཐུན་སྤྱོད་པས་རང་རྒྱུད་འདུལ་བའི་ཁྲིམས།།

དུག་གསུམ་མཚོན་གྱི་ཕུབ་ཆེན་ཚུལ་ལ་འཆིང་།།

རྒྱ་ཆེན་གཞུང་ལུགས་འབུམ་གྱིས་ཡིད་ཀྱི་མཚོ།།

ལྟེམ་མེར་སྐྱོམ་པའི་སློབ་བུས་གུས་ཕྱག་འཚལ།།


ཡོན་ཏན་ཆེན་པོའི་གཏིང་མཐའ་རྒྱ་མཚོའི་ཟླ།།

ལྷག་བསམ་རླབས་ཀྱི་ཟེགས་མས་ཉེར་བར་གཡོ།།

མཐོང་བའི་མོད་ལ་བློ་གསལ་པདྨའི་ཚོགས།།

རིག་པའི་འདབ་གྲོལ་དད་པའི་མགོ་བོ་འདུད།།

 

དུས་སྟོན་ཀུན་ལས་མཆོག་གི་དུས་ཆེན་གང་།།

མཆོག་དུ་བསྔགས་པ་འདི་ཉིད་གཅིག་པུ་ཞེས།།

བརྗོད་པར་བསམ་མོ་ཡོན་ཏན་གཞི་མ་བས།།

བཀའ་དྲིན་ཆེའོ་གཙུག་གི་སློབ་དཔོན་ལགས།།

 

མདོར་ན་འཛམ་གླིང་རླབས་ཆེའི་དགེ་རྒན་ཀུན།།

སླད་མེད་སྐུ་དྲིན་ཞུ་མཁྱིད་ཁྱེད་རྣམས་ཀྱི།།

དུས་ཆེན་ཁ་བཏགས་དཀར་བོས་མདུན་བསུས་སྟེ།།

བཀྲ་ཤིས་གླུ་དབྱངས་ངག་དབང་སོར་མོས་དཀྲོལ།།

ཁྱེད་སྐུ་གཞན་ན་མ་མཆིས།

གསེར་འཇམ་བདེ། མཐོ་གཉིས་དང་བོ།


གནམ་ཀ་མེད་ཀྱི་གུར་ཁང་འོག་གི། །

བུ་བླ་མེད་དེ་འཇིགས་མེད་སེང་ཆེན། །

བོད་མགོ་ནག་གི་རེ་ས་ཁེན་ས། །

ཡིད་མོས་གུས་ཀྱིས་དབུ་ལོ་ལྡེམ་ས། །

 

བོད་སྐད་ཡིག་གི་བླ་སྲོག་ཚེ་གསུམ། །

དུས་མུན་ནག་གི་དོང་ལས་སྐྱོབ་མཁན། །

ལག་པད་ཟུང་གི་དཀྱིལ་འཁོར་དབུས་ནས། །

དཔལ་བླ་མ་ཁྱོད་ཡང་ཡང་དྲན་ནོ། །

 

ལས་སྨོན་ལམ་གྱི་མཐུ་སྟོབས་ཟབ་མོས། །

རྗེ་ཁྱེད་རང་གི་བུ་སློབ་ཉན་སོང་། །

ཐུགས་བྱམས་བརྩེ་ཡི་ཉི་འོད་དྲོན་མོས། །

དུས་ངེས་མེད་དུ་བདག་རྣམས་སྐྱོངས་ཤིག །

དགེ་རྒན་དུས་ཆེན་ལ། ༢༠༡༦ལོའི་ཟླ་༩བའི་ཚེས་༨ཉིན།

དད་པའི་མེ་ཏོག

མཐོ་གཉིས་གཉིས་པ།  དཔལ་སེང་།


ཐུགས་ཀྱི་ཉི་ཐིག་མྱ་ངམ་ཐང་གི་རྙིད་པའི་མེ་ཏོག་ཚོགས་ལ་འབབ།།

གདམས་ངག་ཟབ་མོས་མི་ཚེའི་གྲུ་ཆུང་ཡངས་པའི་མཚོ་ཆེན་ངོགས་སུ་གཏོང་།།

བདེན་ཚིག་སྨྲ་བའི་ཤཀྱའི་སྲས་པོ་གངས་ལྗོངས་སློབ་གསོའི་མཚན་འོས་པ།།

ང་ཡི་སློབ་དཔོན་འཇིགས་མེད་རྒྱལ་མཚན་སྤྱི་གཙུག་རིག་པའི་རྒྱན་དུ་མཆོད།།

 

ཐོས་པས་མི་ཉུང་གཞུང་བརྒྱའི་ཚིག་དང་དེང་རབས་རིག་པར་གདེང་ཐོབ་པ།།

སྙན་པར་མི་བརྩོན་སྒོ་གསུམ་བཙུན་པའི་ཤཀྱའི་དགེ་སྦྱོང་རྣལ་མ་ཞིག།

ཐུགས་རྒྱུད་འཇམ་པས་ཡིད་ཀྱི་བརྟན་པ་དབང་མེད་དུས་ཀུན་སྒུལ་བྱེད་པ།།

ང་ཡི་སློབ་དཔོན་ཚུལ་ཁྲིམས་རྒྱ་མཚོ་ངེས་དོན་བསྟན་པའི་དཔའ་བོ་ཡིན།།

 

ངག་རིག་སྨྲ་བའི་སྐྱེས་བུ་མཆོག།

ལུང་རིག་གར་དུ་རྩེན་པ་དང་།།

རིག་པའི་རང་ས་འཛིན་མཁས་པའི།།

ཡོན་ཏན་རྒྱ་མཚོ་དུས་ཀུན་རྒྱལ།

ཟླ་ཟེར་གྱོན་པའི་རས་པ།  

མཐོ་གཉིས་གཉིས་པ།  ཚེ་རིང་རྒྱལ།

སྨུག་པའི་དྲ་བ་དྲ་ཕྱེད་ངོགས། །

འཛུམ་གྱིས་ཟུར་མིག་འཕེན་བྱེད་ཅིང་། །

ངག་གི་འཇོ་སྒེག་བསྟན་མཁས་མས། །

བདག་ལ་དབྱངས་ཀྱི་དངོས་གྲུབ་སྩོལ། །

 

ལེགས་བཤད་ཚིག་གི་རྫ་རྔ་ཡིས། །

རྨོངས་པའི་བུ་ཆུང་གཉིད་ལས་བསླངས། །

འཆད་རྩོད་རིག་པ་ནོར་བུའི་གཏེར། །

ཐང་མར་བརྡལ་བའི་ཡུལ་ལ་འདུད། །

 

བསོད་ནམས་ལས་ཀྱི་ས་བོན་ལ། །།

དངོས་གྲུབ་བདུད་རྩིའི་ཆག་ཆག་བཏབ། །

རིག་ལྔའི་འདབ་ལྡན་ཨུཏྤལ་ལས། །

སྐྱེ་རྒུའི་གདུང་བ་ཀུན་ནས་བསལ། །

 

དབྱངས་ཀྱི་སྐུད་པ་འཐེན་པ་ན། །

ཚོར་བའི་འཇིག་རྟེན་ཤིག་ཤིག་འདར། །

སྲིད་པའི་རི་གྲོང་ཉུལ་བ་ཡི། །

རྣམ་རྟོག་དྲ་བ་ཆོད་ཅིག་ཀྱེ། །

 

ཆུ་བུར་ལམ་དུ་མངོན་པ་ན། །

དད་པའི་གཙང་བོ་ལྷོག་ལྷོག་འཕྱུར། །

འཁོར་བའི་མགྲོན་པོར་འོང་བ་ཡི། །

མི་ཤེས་སྣང་བ་དཀྲོགས་ཤིག་ཀྱེ། །

 

ཁྱེད་ཐུགས་མཁྱེན་པའི་གང་གའི་ཆུས། །

མི་གཙང་སེམས་ཀྱི་ཡོལ་གོ་བཀྲུས། །

ཟག་བཅས་དམུ་རྒོད་བསམ་པ་ཡི། །

རྩིང་སྤྱོད་ལས་ཀ་རྫོགས་ཤིག་ཀྱེ། །

 

དཀའ་སྡུག་ལྕགས་ཀྱི་ཐོ་བ་ཡིས། །

བརྡེགས་ཤིང་བརྙས་འཚེ་བྱེད་ན་ཡང་། །

གཞན་ཕན་ཤེས་རབ་རལ་གྲི་ཡི། །

རྣོ་ངར་མ་ཉམས་སྐུ་ལ་འདུད། །

 

ཕྲག་དོག་ཐེའུ་རང་རྒྱལ་མོ་དེས། །

གཡེན་སྤྱོ་ཚིག་གི་མདའ་འཕེན་ཡང་། །

གཟུར་གནས་ལེགས་བཤད་གོ་ཆ་ཡིས། །

ཕས་རྒོལ་ཟློག་པའི་གསུང་ལ་འདུད། །

 

བདག་གཅེས་གཞན་འཚེ་སྦྱོར་བ་ཡི། །

སྙིགས་མའི་རྒྱ་མཚོ་འཕྱུར་ན་ཡང་། །

གཞན་ཕན་ཞི་བདེའི་ལྷུན་པོ་ཡི། །

རང་མདངས་མ་ཤོར་ཐུགས་ལ་འདུད། །

 

ཨེ་མ་འཇིགས་མེད་སྙིང་སྟོབས་ཀྱིས། །

གངས་ཅན་རིག་པའི་རྒྱལ་མཚན་བསྒྲེངས། །

བགྲང་བྱ་ཉེར་གཅིག་འཚོ་བ་ལ། །

བཀོད་པའི་ཞབས་རྗེས་ཨེ་མ་ཧོ། །

 

འདི་ལྟར་དབྱངས་ཀྱི་སྐུད་པ་ལ། །

དད་པའི་ཚིག་གིས་འཐེན་པ་འདིས། །

བདག་ཀྱང་བརྩེ་བས་ཉེར་བཟུང་ནས། །

གཞན་ཕན་བསྒྲུབ་པའི་མཐུ་འཐོབ་ཤོག །

ཅེས་གཞན་ཕན་ནོར་བུས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་དགེ་རྒན་འཇིགས་མེད་རྒྱལ་མཚན་ལ་དགེ་རྒན་དུས་ཆེན་དང་ལྷན་སློབ་བུ་གང་གིས་ཐུགས་བརྩེ་བས་གཟིགས་ལ་གཏང་རག་ཏུ་གུས་པས་སྦྱར་བ་དགེའོ། །


ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།     

                        བློ་བཟང་ཟླ་བ།

གདུལ་བྱའི་རྨོངས་མུན་མཐའ་དག་བསལ་མཛད་པའི། །

འོད་དཀར་འཛིན་པ་མི་ཡི་ཚུལ་འཆང་བ། །

བྱམས་བརྩེ་སྟོང་གིས་ཕྱུག་པའི་བདག་ཉིད་ཆེ། །

དུས་ཀྱི་སྒྲོན་མེ་གང་ནི་བསྙེན་པའི་ཡུལ། །

 

ཕྱི་ན་ཐོས་པའི་རྒྱན་གྱིས་རྣམ་པར་མཛེས། །

ནང་ན་ཤེས་རྟོགས་ཡོན་གྱིས་རྣམ་པར་བརྒྱན། །

ཐར་ལམ་སྟོན་པའི་རིག་པའི་དཔའ་བོ་གང་། །

ཁ་བཏགས་དཀར་བོ་བཏེགས་ཏེ་བསུ་བའི་ཡུལ། །

 

དཀར་གསལ་ཟླ་དང་ལྗང་མྱུག་ལང་ཚོ་ཅན། །

ཆར་འཇམ་རླུང་བུ་མཛེས་པ་བརྒྱ་ཕྲག་གིས། །

ལང་ཚོའི་མཆོད་པ་ཕུལ་ན་བདག་ཅི་སྨོས། །

སྙན་ངག་སྟོང་གི་ཕུད་ཀྱིས་མཆོད་ཅིང་བསྔགས། །

དགེ་རྒན་དུས་ཆེན་འཛུམ་གྱིས་བསུ།

                            ____དགེ་མེ་ལྕེ།

ཞོགས་པའི་ཉེ་རྩེ་ཤར་རའི་ཕྱོགས་ནས་གསལ།།

ཉི་ཟླ་དཀར་གསུམ་མཐོན་མཐིང་དབྱིངས་ན་འཛོམས།།

ལྷོ་ཕྱོགས་ཡུལ་གྱི་མུན་པ་གཞི་ནས་བཅོམ།།

ཁ་བ་གངས་རའི་ལྗོངས་ཀྱི་མུན་པ་སེལ།།

 

སློབ་དཔོན་གཟུར་གནས་པད་མ་དཀར་བོའི་མདངས།།

ཤེས་རིག་ཡོན་ཏན་མཛོད་དུ་འཛིན་པ་སྟེ།།

བྱམས་དང་བརྩེ་བའི་སློབ་ཕྲུག་བུ་བཞིན་བསྐྱངས།།

སྐུ་དྲིན་མཛད་པ་ལྷག་པའི་ལྷ་མཆོག་ཡིན།།

 

འདམ་ལས་སྐྱེས་ཤིང་འདམ་གྱིས་མ་གོས་པའི།།

སློབ་དཔོན་དམ་པ་ང་ཚོའི་སྒྲོན་མེ་སྟེ།།

རྨོངས་པ་སེལ་བའི་བདག་གི་བླ་མ་ལགས།།

གུས་པ་ཆེན་པོའི་བསྟོད་ཚིག་སྙིང་ནས་བརྗོད།།

              མཐོ་གཅིག་དང་བོའི་དགེ་འདུན་སྐྱབས།

བྱམས་བརྩེའི་བདག་ཉིད།

  མཐོ་གཅིག་དང་པོ།   ཆོས་ཀྱི་རྒྱལ་མཚན།

ཤེས་རིག་མེ་ཏོག་རྒོད་པའི་སློབ་གླིང་ན།།

བྱམས་བརྩེའི་བདག་ཉིད་ཆེན་པོ་དགེ་རྒན་བཞུགས།

ཤེས་བྱའི་འབྲི་འོ་འཐུང་བའི་སློབ་གྲོགས་ཚོས།།

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།

 

རིག་པའི་ས་བོན་འདེབས་སའི་སློབ་གླིང་ན།།

བྱམས་བརྩེས་ཐུགས་རྒྱུད་ཕྱུག་པའི་དགེ་རྒན་བཞུགས།།

གཤིས་དང་ཀུན་སྤྱོད་བཟང་བའི་སློབ་བུ་ཚོས།།

བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།།

 

སློབ་གསོའི་ལས་དོན་དར་བའི་སློབ་གླིང་ན།།

བྱམས་ལྡན་ཕ་མ་འདྲ་བའི་དགེ་རྒན་བཞུགས།།

ལས་དང་བསོད་ནམས་བཟང་བའི་སློབ་བུ་ཚོས།།

དགེན་གྱི་དུས་ཆེན་བརྩེ་འཛུམ་དྲོད་མོས་བསུ།།

    དགེ་རྒན་དུས་ཆེན་ལ་ཕུལ་བ།

མཐོ་གཅིག་གཉིས་པ།  བློ་བཟང་ལེགས་བཤད།

སློབ་གསོའི་དོན་དུ་དཀའ་ངལ་འཇིགས་སྐྲག་བྲལ།།

མི་མཐུན་མེད་པའི་བྱ་བ་གང་མཛད་པས།།

བསྔགས་པ་གངས་ཅན་རིག་པའི་རྒྱལ་མཚན་ཆེ།།

མི་ནུབ་སྲིད་མཐར་སྒྲེང་བ་ཁྱེད་ཀྱི་སྐུ།།

 

སློབ་གསོའི་གནད་ལ་དཔྱད་མཛད་ཞིབ་མོའི་བློས།།

ད་ལྟ་དགེ་མཚན་བྱ་བཞག་ཚངས་པའི་ཐིག།

སྙན་གྲགས་རྒྱ་ཆེར་སྒྲོག་པའི་རམ་འདེགས་མཛད།།

ལྷག་བསམ་དག་པའི་བསྟན་ལ་རབ་ཏུ་དད།།

 

བཤེས་གཉེན་དམ་པས་ཤེས་རིག་དཔལ་གྱིས་བསྐྲུན།།

ཕ་མ་བཞིན་དུ་སྐྱོང་བའི་ཐུགས་རྗེ་ཅན།།

དབྱངས་གསལ་སོ་བཞིའི་བྱིན་རླབས་སྦྲང་ཆར་གྱིས།།

ཆུ་འཛིན་འཁྲིགས་ཏེ་ས་གཞི་ཡོངས་སུ་བརླན།།

 

བཞིན་ལ་འཛུམ་མདངས་འཁྱིལ་བ་ཁྱེད་ཀྱི་སྐུ།།

གདམས་ངག་གསུང་དབྱངས་འོ་མའི་གྲུ་ཆར་འཇོ།།

དགེ་རྒན་དུས་ཆེན་རོལ་བའི་ཉིན་མོ་ལ།།

སློབ་དཔོན་དམ་པའི་མཛད་འཕྲིན་རྒྱས་པར་ཤོག།

བསྟོད་ཚིག་དབྱངས་ཀྱི་མཆོད་པ།

        མཐོ་གཅིག་གཉིས་པ། ཐོགས་མེད་རྒྱ་མཚོ།

མེ་ཏོག་ལྷ་སྐུའི་ངོ་བོ་དབྱེར་མེད་ཀྱི་ལང་ཚོ།།

ཤེས་རིག་གླིང་ག་སྐྲུན་པའི་ཤེས་རབ་ཀྱི་དེད་དཔོན།།

མ་རིག་མུན་པ་བསལ་བའི་ཤེས་རིག་གི་སྒྲོན་མེ།།

དུས་ཆེན་བསྐལ་བཟང་འདི་ལ་སྒོ་གསུམ་གྱིས་འདུད་དོ།།

 

རྨོངས་གཉིད་བྱིས་པའི་རྨི་ལམ་དཀྲོག་མཁན་གྱི་འོད་སྣང་།།

སྐལ་ལྡན་སློབ་བུ་སྐྱོང་བའི་འཇིག་རྟེན་གྱི་མགོན་པོ།།

བཅུ་ཕྲག་རིག་གནས་ཤེད་རབ་གཤོག་རྩལ་གྱི་མཁྱེན་པའི།།

འདྲེན་མཆོག་ཤཀྱཱའི་ཏོག་ལ་བསྟོད་ཚིག་ཅིག་འབུལ་ལོ།།

 

འཇིག་རྟེན་རྨོངས་བློ་འཇོམས་མཛད་གསང་བ་ཡི་བདག་པོ།།

ཐོན་མིའི་དགོངས་རྒྱན་རྟོགས་པའི་ཤེས་རབ་ཀྱི་མིག་ཟུང་།།

ལྷག་བསམ་དཀར་བོ་འོ་མའི་ཤེས་རིག་གི་བདུད་རྩི།།

བཏུང་བའི་བསྐལ་བཟང་བྱུང་བས་སློབ་བུ་ང་མོས་སོ།།

ཉི་འོད་ཀྱི་དྲོད།

ངག་སངས།

ཉི་ཐིག་འཁོར་སའི་སྡོད་ཁང་སྐྱ་ལེབ་དེ། །

བཤེས་གཉེན་དམ་པ་བཞུགས་པའི་གཟིམ་ཤག་ཡིན། །

ཆོས་ཀྱི་དེ་ཉིད་གསུང་བ་གསལ་ལྷང་ལྷང། །

ཐུགས་ཀྱི་བྱམས་བརྩེ་ཟབ་མོ་དྲོད་ལམ་ལམ། །

གུས་རྟགས་བརྩོན་པ་ཆེ་བའི་སློབ་བུ་ངའི། །

རྣ་དབང་བཀུག་ཅིང་མིག་དབང་འཕྲོག་པར་བྱས། །

འཁྲུལ་བ་མི་མངའ་ཡང་དག་བདེན་ཚིག་འདིར། །

ཡུན་དུ་ཉན་ན་རང་རྒྱུད་བྱིན་གྱིས་བརླབ། །

བཤེས་གཉེན་རྣམས་ཀྱི་བྱམས་བརྩེའི་དྲོད་ཁོལ་དེ། །

ལྷ་ལམ་རྟ་བདུན་དབང་བོའི་འོད་ཐིག་བཞིན། །

དྲོ་ཞིང་འཇམ་པའི་ཉི་འོད་གང་སར་འཕྲོས། །

འབྱུང་འགྱུར་གཞོན་ནུ་ང་ཚོའི་ལམ་སྟོན་ཡིན།།

ཅེས་སློབ་བུ་ངག་སངས་ཀྱིས་དགེ་རྒན་དུས་ཆེན་ལ་གུས་ཕུལ།

                           ༢༠༡༦་༩་༡༠ཉིན་ཉལ་ཁང་ནས།

དགེ་རྒན་ལགས་བཀའ་དྲིན་ཆེ།

གྱད་མི།

མི་རིགས་ཀྱི་ལས་དོན་དང་དུ་བླངས་། །

གཞན་ཕན་གྱི་ལྷག་བསམ་དུང་ལྟར་དཀར། །

སློབ་ཕྲུག་ཚོ་བུ་བཞིན་གཅེས་པ་སྟེ།།

དགེ་རྒན་དེ་སྐལ་ལྡན་རྒྱ་མཚོར་འདུད། །

 

བསམ་མེད་ཀྱི་སློབ་བུ་ང་ཚོའི་ཆེད། །

ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལ། །

ཞལ་ངོ་ཙམ་མ་ཐུག་སློབ་ཁྲིད་བྱེད། །

རླབས་ཆེན་གྱི་སློབ་དཔོན་ཁྱེད་འདྲ་མེད། །

 

ལོ་ངོ་གསུམ་ཉིན་གྲངས་ཆིག་སྟོང་རིང་། །

ཉིན་གཅིག་ལ་མ་ཆད་སློབ་ཁྲིད་མཛད། །

བུ་པང་ནས་སློབ་ཁྲིད་བྱེད་པ་སོགས། །

ངས་འདི་ནས་བཤད་ན་བརྗོད་མི་ཚར། །

 

གནས་གངས་ལྗོངས་ཤེས་རིག་སློབ་གླིང་དུ། །

རྒན་ཁྱེད་དང་མཇལ་བ་བསོད་ནམས་ཆེ། །

དེ་བསམ་ནས་རིག་པའི་གནས་ལ་སྦྱངས། །

ཤི་མ་སོང་བར་དུ་བརྗེད་མི་བྱ། །

ཅེས ༢༠༡༦/༩/༡༠ ཉིན་དགེ་རྒན་དུས་ཆེན་ལ་གྱད་མིས་གུས་ཕུལ།

མུན་པའི་སྒྲོན་མེ།

རང་ཤར།

སྐྱེས་བུ་ཞིག་གངས་དུ་བཞུགས། །

བྱམས་བརྩེ་ཡི་འོད་ཟེར་དེས། །

སྐལ་ལྡན་གྱི་སློབ་བུ་ཚོ། །

མུན་པ་ལས་གྲོལ་བར་བྱས། །

མགོན་ཁྱེད་ནི་འགྲོ་བའི་མཆོག །

ཤེས་བྱ་ཡི་བང་མཛོད་ཡིན། །

ལམ་སྟོན་གྱི་སྒྲོན་མེ་སྟེ། །

ཤེས་རིག་གི་བསྐྱེད་མ་འོ། །

གངས་ལྗོངས་ཀྱི་ར་བ་རུ། །

མགོན་ཁྱེད་ཉིད་རྟག་པར་བཞུགས། །

ཤེས་རིག་གི་སྨན་ཆར་ཕོབས། །

མུན་སེལ་གྱི་འོད་སྣང་སྤྲོས། །

སློབ་དཔོན་དམ་པ།

ཚེ་དབང་རིག་འཛིན།  མཚོ་ལྷོ།

འཆད་པའི་ལྗགས་རྩེར་མྱུར་ཞགས་རྩེན། །

རྩོད་པའི་ལུང་རིགས་ཡང་དག་འཁོད། །

རྩོམ་པའི་ལེགས་བཤད་ཕུལ་དུ་བྱུང་། །

བཤེས་གཉེན་མཆོག་དེ་བདག་གི་མགོན།།

 

མཁས་པའི་ཁྱུ་ཚོགས་འདུས་པའི་དབུས།།

གཙུག་ལག་བྱེ་བའི་མཛོད་ཡངས་མ།།

བཙུན་པའི་རྣམ་ཐར་རྨད་བྱུང་ཅན།།

སློབ་དཔོན་ཆེན་མོ་གཙུག་ཏུ་བཀུར།།

 

ཉེར་གཅིག་དུས་འདིར་ཡོད་ཚད་ཀུན། །

དཔལ་འབྱོར་དོན་དུ་འདུར་ན་ཡང་།།

གཞན་དོན་སྒྲུབ་པའི་སློབ་དཔོན་ཁྱེད། །

མཚུངས་མེད་ནོར་བུ་གཅིག་པུ་ལགས། །

2016/9/10ཉིན་དགེ་རྒན་དུས་ཆེན་ལ་སློབ་བུ་རང་ཤར་གྱིས་གུས་ཕུལ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-09 ལྟ་ཀློག (18729)