གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཡིག་གཟུགས་འཛིན་གྲྭ་བསྡུས་པ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཡིག་གཟུགས་འཛིན་གྲྭ་བསྡུས་པ།

ཡིག་གཟུགས་ཞེས་པ་ནི་སྐད་དང་མིང་བརྡའི་མཚོན་བྱེད་དུ་གྱུར་བའི་ཡི་གེ་དེ་ཉིད་འབྲི་ཐབས་ཀྱི་གོ་རིམ་སོགས་ལ་བརྟེན་ནས་བྲིས་པའི་གཟུགས་རིས་ལྟ་བུ་ཞིག་ལ་གོ་རུང་། སྤྱི་ཚོགས་དང་། ཚན་རྩལ། དཔལ་འབྱོར་དར་རྒྱས་ཆེན་པོ་བྱུང་བའི་དེང་གི་དུས་འདིར། སྔར་གྱི་བསླབ་ཆས་མང་བོ་ཞིག་ཉུང་དུ་སོང་བ་དང་དུས་མཚུངས་སུ་སློབ་ཆུང་ཕལ་མོ་ཆེར་སློབ་ཕྲུག་རྣམས་སློབ་ལ་ཞུགས་མ་ཐག་ཤོག་བུའི་ཐོག་ཞ་སྨྱུག་དང་ལྕགས་སྨྱུག་གིས་འབྲི་རུ་བཅུག་པ་དེ་ཕྱི་ཚུལ་ནས་བལྟས་ན་ཧ་ཅང་སྟབས་བདེ་བོ་ཡོད། འོན་ཀྱང་ཡོ་བྱེད་གནད་ལ་མི་འཁེལ་ཞིང་སྦྱངས་པ་ཆུང་བས་སློབ་མ་ཚོའི་ཡིག་གཟུགས་ལེགས་པོ་དེ་ཙམ་ཐོན་དཀའ་ལ། རང་གིས་བྲིས་པ་རང་ཉིད་ཀྱིས་ཀྱང་ཀློག་འདོད་མེད་པར་གྱུར་པ་མ་ཟད། ཐ་ན་ཉིན་འགའ་སོང་རྗེས་ཀློག་ཀྱང་མི་ཐུབ་པའི་གནས་ཚུལ་ཐོན་གྱིན་ཡོད། དེས་ན་ད་ཐེངས་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་དེང་རབས་བོད་ཀྱི་ཡིག་གཟུགས་མཁན་མདོ་སྨད་དྷཱི་ཚ་དགོན་ཆེན་གྱི་དགེན་རིག་སྨོན་བསམ་གཏན་ལགས་ཆེད་དུ་གདན་དྲངས་ནས་སློབ་ཆུང་རིམ་པ་དང་དམའ་འབྲིང་རིམ་པ་གཉིས་ནས་དམིགས་བསལ་གྱི་སློབ་མ་དྲུག་ཅུ་ལྷག་ལ་<<ཐོན་མིའི་ཕྱག་རྒྱུན་>>ཞེས་པའི་འཛིན་གྲྭ་ཞིག་བསྡུས་ཏེ་བོད་ཀྱི་ཡིག་གཟུགས་སློབ་ཁྲིད་བྱས། དེང་སྐབས་མདོ་དབུས་ཁམས་གསུམ་ན་བོད་ཀྱི་བྲིས་རྒྱུན་ཉམ་ང་ཉག་ཕྲའི་གནས་སུ་ལྷུང་བཞིན་པའི་ཚུལ་འདིར་དམིགས་ནས་ཆུ་མགོ་གངས་ལ་གཏུགས་པ་ལྟ་བུའི་ཁུངས་ལྡན་གྱི་སྨོན་ལམ་ཡིག་གཟུགས་སྦྱངས། ད་དུང་སློབ་གཙོ་གཞོན་པ་དགེན་སོག་རུས་འབྲུག་འབུམ་རྒྱལ་དང་སློབ་དོན་པ་དགེན་བཀྲ་ཤིས་ཚེ་རིང་གཉིས་གཙོ་བྱས་པའི་བོད་ཡིག་སྡེ་ཁག་དང་དབྱིན་ཡིག་སྡེ་ཁག་གི་དགེ་རྒན་སྐོར་ཞིག་ཀྱང་ཐེངས་འདིའི་ཡིག་གཟུགས་འཛིན་གྲྭར་ཞུགས།      གསར་འགོད་པ། དཀར་མོ་ཡེ་ཤེས།


དེང་རབས་བོད་ཀྱི་ཡིག་གཟུགས་མཁན་རིག་སྨོན་བསམ་གཏན་ལགས།

ཡིག་གཟུགས་སློབ་ཁྲིད་བྱ་ཡུལ་གྱི་ཡུལ་དངོས།

སློབ་གཙོ་གཞོན་པ་དགེན་སོག་རུས་འབྲུག་འབུམ་རྒྱལ་དང་སློབ་དོན་པ་དགེན་བཀྲ་ཤིས་ཚེ་རིང་གཉིས་ཀྱང་ཡིག་གཟུགས་འཛིན་གྲྭར་ཞུགས་པ།

སློབ་ཆུང་རིམ་པ་དང་དམའ་འབྲིང་རིམ་པ་གཉིས་ཀྱི་སློབ་མ་དྲུག་ཅུ་ལྷག་ལ་<<ཐོན་མིའི་ཕྱག་རྒྱུན་>>ཞེས་པའི་འཛིན་གྲྭར་ཞུགས་ཏེ་སློབ་ཁྲིད་ལ་ཉན།

གནས་ཚུལ་མཁོ་སྤྲོད་པ།  དཀར་མོ་ཡེ་ཤེས། 




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-30 ལྟ་ཀློག (3898)