སྤྱི་ལོ་སྔོན་གྱི་གཏོར་གཟུགས་མཆོད་རྟེན་གྱི་གནའ་ཤུལ་ཞིག་གསར་དུ་རྙེད་བྱུང་བ།

༼ཧ་སག་སི་ཐན་རྒྱལ་ཁབ་ཏུ་སྤྱི་ལོ་སྔོན་གྱི་གཏོར་གཟུགས་མཆོད་རྟེན་གྱི་གནའ་ཤུལ་ཞིག་གསར་དུ་རྙེད་ཡོད་ལ་དེ་ཨེ་ཅིབ་ལས་ལོ་སྟོང་གཅིག(1000)་གིས་སྔ་བ་ཡོད།༽
སྤྲེལ་ཉི་མ་རྒྱལ་མཚན།

《ཀྲུང་གོ་གསར་འགྱུར་ཁང་》ལ་ཨ་སི་ཐ་ན་ནས་ཟླ་8 ཚེས་16 ཉིན་གློག་འཕྲིན་འབྱོར་གསལ།
ཧ་སག་སི་ཐན་གསར་འགྱུར་གྱིས་ཚེས་16 ཉིན་གནས་ཚུལ་སྤེལ་བར་གཞིགས་ན།  ཧ་སག་སི་ཐན་གྱི་མངའ་ཁུངས་སུ་ཉེ་ཆར་སྤྱི་ལོ་སྔོན་གྱི་ལོའི་གཏོར་གཟུགས་མཆོད་རྟེན་གྱི་གནའ་ཤུལ་ཞིག་རྙེད་འདུག་ཅིང་། དེ་ཨེ་ཇིབ་ཀྱི་གཏོར་གཟུགས་མཆོད་རྟེན་ལས་ལོ་ངོ་ཆིག་སྟོང་གིས་སྔ་བ་འདུག་ལ།  ཧ་སག་སི་ཐན་གྱི་《ཉིན་རེ་གསར་འགྱུར་དྲ་བའི་》གནས་ཚུལ་ཏེ། གནའ་རྫས་རྟོག་ཞིབ་ཀྱི་འགན་ཁུར་བ་ཡེ་ཧ་འར་•ཁོའུ་ཁོའུ་ཧྲི་ཅིན་བཤད་རྒྱུར། གནའ་ཤུལ་འདི་ནི་སྤྱི་ལོ་སྔོན་གྱི་ལོའི་དུར་ཁུང་ཞིག་ཡིན་ལ། ཧ་སག་སི་ཐན་རྒྱལ་ཁབ་དབུས་ཁུལ་གྱི་ཁཱ་ལཱ་ཀན་ཏ་ཁུལ་དུ་གནས་ཡོད།  གནའ་ཤུལ་དེ་ཉེ་སྔོན་རྙེད་པ་ཡིན་ལ་གནའ་རྫས་ཆེད་མཁས་པས་ཡུལ་དངོས་སུ་ཟླ་གཉིས་ལྷག་གི་རིང་ལ་བྱ་བ་བསྒྲུབས།  ཁོའུ་ཁོའུ་ཧྲི་ཅིན་ནི་ཁཱ་ལཱ་ཀན་ཏ་ཁུལ་རྒྱལ་བཙུགས་སློབ་ཆེན་གནའ་རྫས་ཞིབ་འཇུག་ཁང་གི་དབུ་གཞུགས་ཞིབ་འཇུག་པ་ཡིན།
ཁོང་གིས་བཤད་རྒྱུར།  དུར་ཁུང་དེའི་དབྱིབས་གཏོར་གཟུགས་སུ་ངེས་ལ་ཐེམ་སྐས་ཀྱི་དབྱིབས་གསེག་ནས་ཡོད་ཅིང་། ཁྱད་ཆོས་མངོན་གསལ་ཡིན། དུས་ཚོད་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་བཞི་བ་ནས་བཅུ་གཉིས་པའི་བར་གྱི་ལི་ཆས་སྤྱོད་པའི་དུས་རབས་སུ་གཏོགས།  འདི་ནི་ཧ་སག་སི་ཐན་གྱི་མངའ་ཁུངས་སུ་གནའ་ཤུལ་འདིའི་རིགས་རྙེད་པ་ཐོག་མ་དེ་ཡིན།

གསར་འགྱུར་ཁག་ནས་སྤེལ་བའི་ཡུལ་དངོས་དང་འཁོར་སྐར་པར་རིས་ལ་བལྟས་ན་གནའ་ཤུལ་ཧ་ཅང་བརྗིད་ཆགས་པོ་ཡོད།  ཁོའུ་ཁོའུ་ཧྲི་ཅིན་གྱི་ལྟ་ཚུལ་ལ་དེ་ནི་སྐབས་དེའི་སྐུ་དྲག་ཅིག་གི་དུར་ཁུང་ཡིན་ཤེས་ཆེ། མིག་སྔར་གནའ་རྫས་ཞིབ་འཇུག་པས་ཡུལ་དངོས་གཙང་སེལ་གྱི་ལས་ཀ་རྫོགས་ནས་དུར་ཁུང་གི་དཀྱིལ་ཁུལ་གྱི་ས་འདམ་ཕྱིར་ལེན་བཞིན་པའི་སྒང་ཡིན།  གོ་སྐབས་འདི་བརྒྱུད་ནས་དཀྱིལ་ཁུལ་གྱི་བཟོ་དབྱིབས་རྒྱུས་ལོན་བྱེད་ཐུབ་ལ།  དཀྱིལ་ཁུལ་དུ་ཅི་ཞིག་ཡོད་པའི་སྐོར་ལ་ད་དུང་གསལ་ཁ་མ་འབྱོར།

ཧ་སག་སི་ཐན་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན་ཁོའུ་ཁོའུ་ཧྲི་ཅིན་གྱིས་གནའ་ཤུལ་འདི་ཉིད་བསྔོགས་རྐུ་ཐེངས་མང་ཐེབས་མྱོང་ཞིང་ལྷག་ལུས་རིག་རྫས་ཕྱིར་བཏོན་པའི་ཁྲོད་ལི་ཆས་ཀྱི་རལ་གྲི་དང་། མདའ་རྩེ། ཁབ།   ད་དུང་གྲངས་ཀ་མི་ཉུང་བའི་རྫ་ཆས་ལས་བཟོས་པའི་ཟས་སྣོད་དང་སྒོ་ཕྱུགས་ཀྱི་རུས་པ་སོགས་འདུས་ཡོད་ཅེས་བཤད་འདུག     ཨུ་རུ་སུའི་《ཐ་སི་གསར་འགྱུར་ཁང་》ནས་གནས་ཚུལ་འབྱོར་གསལ། ལོ་རྒྱུས་རིག་པའི་འབུམ་རམས་པ་གཞོན་པ་དང་ཁཱ་ལ་ཀན་ཏའི་ཁུལ་བཙུགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་པོ་ལེ་མོའུ་པེ་ཁུ་•རོའུ་མཱ་ཞེ་ཧྥུ་ཡི་སྐད་ཆ་དྲངས་ནས་བཤད་ན་དུར་ཁུང་དེ་ཡང་ན་གྲོང་ཁྱེར་ག་གེ་མོ་ཞིག་གི་ཁག་ཅིག་ཡིན་སྲིད།  མིག་སྔར་ཤེས་པའི་བདེན་དཔང་ལས་བརྡར་ཤ་བཅད་ན་ད་དུང་མུ་ནས་བསྔོགས་འདོན་བྱེད་པའི་རིན་ཐང་མཆིས།


《དབྱིན་ཇིའི་ཉིན་རེ་སྦྲག་ཤོག་》གིས་བཤད་པ་ལྟར་ན་དེ་སྔ་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་སོགས་སུའང་གནའ་རྫས་རིག་པ་བས་གཏོར་གཟུགས་མཆོད་རྟེན་གྱི་གནའ་ཤུལ་དང་འདྲ་བ་རྙེད་མྱོང་། འོན་ཀྱང་ཐེངས་འདིའི་ཧ་སག་སི་ཐན་དུ་རྙེད་པའི་གཏོར་གཟུགས་མཆོད་རྟེན་དབྱིབས་ཀྱི་གནའ་ཤུལ་འདི་དུས་ཚོད་ཀྱི་ངོས་ནས་བརྗོད་པ་ན་འཛམ་བུ་གླིང་གི་ཐོག་མ་ཡིན་ལ།  ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་ལས་ལོ་ངོ་སྟོང་ལྷག་གིས་སྔ་བ་ཡོད་དོ།།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-18 ལྟ་ཀློག (3716)