ཆོས་སྐྱོང་རྒྱལ་ལམ་དབྱངས་ཅན་བཞད་པའི་འཛུམ་ཟེར་གྱི་ཉེ་བའི་སྙན་བཏུས།

ཆོས་སྐྱོང་རྒྱལ་ལམ་དབྱངས་ཅན་བཞད་པའི་འཛུམ་ཟེར་གྱི་ཉེ་བའི་སྙན་བཏུས།


ཞེ་ལ་ལྷུང་བའི་རྭ་རྒྱ།

དེ་རིང་གློ་བུར་དྲ་བའི་སྒང་ན་སྨུག་པ་རི་ལ་ཆད་འདྲ་དང་། །

ཕྱེ་ལེབ་དག་ནི་མེ་ཏོག་གཅིག་དང་མེ་ཏོག་གཉིས་ལ་འཐུང་བ་བཞིན། །
ཡིད་ལ་འདྲིས་པའི་རྭ་རྒྱའི་ལྗོངས་དང་དགེ་སློབ་མིག་གི་བདུད་རྩི་ལ། །
ལྷུང་བ་འདིས་ཀྱང་སྙིང་གི་དབུས་ལ་ཡིད་འོང་གཏམ་རྒྱུད་མང་བོ་བསླངས། །

དེ་དུས་ང་ནི་རྫ་སུལ་སྨུག་པོའི་དྭངས་བསིལ་ཆུ་བོ་ཇི་འདྲ་བར། །
བཤེས་གཉེན་དག་གི་བརྩེ་བའི་ཁམས་སུ་ཐེ་ཚོམ་མེད་པར་འཐིམ་པ་དང་། །
དེ་དུས་ང་ཡང་དུང་རྡང་འཐེན་པའི་ལུ་གུ་ལྟར་དུ་རྩེ་བྱེད་ལ། །
ཁྱུང་མགོན་རི་ལ་ཉི་ཟེར་འཕྲོས་ཚེ་ཕུགས་བསམ་དག་ཀྱང་དྲན་པར་བྱེད། །

རྨ་ཀླུང་སྒེག་མོ་སྒེག་འགྲོས་དང་བཅས་ཡིད་འཕྲོག་གར་བྱེད་དབྱངས་སྙན་འཁྲོལ་ཞིང་ཉི་མ་ནུབ་པའི་ཚང་ལ་འགྲོ། །
ཉི་ཟེར་འཁྲུག་པའི་བར་བར་དག་དང་ཆུ་ངོགས་རྣམས་སུ་མུ་ཏིག་བཀྲམ་འདྲའི་གྲོང་ཁྱིམ་དུ་བ་ལང་ལོང་འཕྱུར། །
ཁྱུང་མགོན་ལྷུན་པོའི་རི་ཞོལ་དག་ལ་རིན་ཆེན་སྤུངས་འདྲ་དབེན་དགོན་ཆོས་སྒྲས་སྐྱེ་དགུའི་སྙིང་ལ་ངལ་གསོ་སྟེར། །
རྨ་ཡུལ་དྲོ་དྲོ་ལུ་གུའི་མཁལ་ཁུག་དཔྱིད་དཔལ་སླེབས་སྔ་སྟོན་གྱི་གསེར་ལོ་མིག་ལ་འཕུར་ཅིང་ཡུན་རིང་སྡོད། །

ཡ་ཕུག་འབྲུ་དྲུག་ཐང་ཞེས་གྲགས་པ་རྒྱ་སྟག་ངར་མའི་པགས་པ་ཤེད་ཀྱིས་བརྒྱངས་འདྲ་དེར། །
བཅུ་དྲུག་ཟླ་བ་སྐར་ཚོམས་དང་བཅས་རྨ་ཀླུང་འཐུང་ཕྱིར་ཐེ་ཚོམ་སྤངས་ནས་བབས་འདྲ་ཡོད། །
དེ་ནི་བདག་གི་དགེ་བའི་བཤེས་དང་རྡོ་རྗེ་སྤུན་དག་རྒྱ་མཚོར་འདུས་བཞིན་འཛོམས་ས་སྟེ། །
འདི་དག་བདག་གི་དུངས་པའི་ཕ་ཡུལ་གཉིས་པ་ཡིན་ཅེས་ཀློག་པོ་ཁྱེད་ཅག་ཤེས་པར་མཛོད། །

ཞོགས་ཀ་རེ་བཞིན་དཔེ་འཛིན་སྒྲ་ཡིས་རྩྭ་ཕྲན་ཀུན་ཀྱང་སངས་པར་བྱེད། །
རེ་འབྲས་འཚོལ་བའི་སློབ་མ་དག་ནི་བཤེས་གཉེན་རྣམས་ཀྱི་མིག་འབྲས་ཉིད། །
གཅེས་ཤིང་བསྐྱངས་པའི་ལོ་ཟླ་རིང་མོ་ཁ་བའི་ཟོལ་དུ་གྱུར་པའི་མོད། །
བརྩེ་ཆེན་དག་གི་དབུ་ལ་སྐྱེས་པ་སློབ་མའི་སྙིང་ལ་ཚེར་མ་འདྲ། །

སྲོད་ཀྱི་ཉི་རྒས་གསེར་སྐུད་ཕྲ་མོ་ཉག་ཀ་དག་ནས་འཐེན་ཅིང་འགྲོ། །
བདུད་ཀྱི་མཆེ་ལྟར་གྲིབ་སོ་རྣམས་ཀྱང་ཀུན་ནས་རུབ་ཅིང་འཐིབས་ནས་འོངས། །
གྲོགས་དག་ཚོམ་བུ་ཚོམ་བུ་དང་བཅས་སྐྱོར་སྦྱང་རིང་མོས་སྐར་ཚོགས་བསུ། །
དེ་ལྟ་དེ་ལྟར་ཉིན་ཞག་རྣམས་ནི་ཨ་མའི་ཕྲེང་བ་བཞིན་དུ་སོང་། །

དཀའ་བའི་ཉིན་ཞག་ལོ་ཟླ་དག་ནི་དབྱར་དགུན་བཞིན་དུ་བརྗེ་ཞིང་འགྲོ། །
བཤེས་གཉེན་རྣམས་ནི་རྡོ་རྗེ་བྲག་འདྲ་ཡུལ་དེའི་དཔལ་དང་མིག་ལ་བཞུགས། །
སློབ་མ་དག་ནི་བྲག་ཐེམ་བྱ་འདྲ་གཤོག་རྩལ་རྒྱས་ཚེ་འཕུར་ནས་འགྲོ།.།
རྟག་ཏུ་ཡུལ་ལ་འཁོར་བ་དུ་ཡོད་སྙིང་ལ་དྲན་པའང་དུ་ཞིག་ཡོད། །

ཕྲན་ཡང་དེ་རུ་ལོ་བཞིར་བསྡད་ལ་བཤེས་གཉེན་རྣམས་ཀྱིས་མིག་བཞིན་བསྐྱངས། །
ཉི་འོད་ཆར་གྱིས་མེ་ཏོག་བསྐྱེད་ཀྱང་ལན་ལ་རེ་བ་མེད་འདྲ་བྱས། །
རྟག་ཏུ་ཁྱེད་ཅག་སྙིང་ལ་ཞུགས་ཚེ་དཔའ་སྙིང་ཤེས་རབ་བློ་བུར་སྐྱེ། །
བློ་ཞན་བདག་ལ་བཟོད་བརྩོན་ཆུང་ཕྱིར་བདུད་ཀྱིས་སྐྱོ་ཞུམ་ཡང་ཡང་སྟེར། །

ཕྲན་ནི་སློབ་གླིང་གྱེས་ཕྱག་ཕུལ་ཏེ་ཁ་བའི་འདབ་མ་ལན་གསུམ་མཐོང་། །
རྟག་ཏུ་ཕྲན་ཚེགས་ལས་ཀྱིས་མི་གཏོང་སྦྲང་བུ་བལ་རྒྱར་ལྷུང་འདྲ་སྟེ། །
ལན་ཅིག་མཇལ་ཕྱིར་དེ་རུ་སླེབས་ཚེ་མཚན་དཀྱིལ་ཟླ་བ་སྨྲེང་བ་མཐོང་། །
མྱུར་ཏུ་རྨ་ཆུའི་ཟམ་ཆེན་ཁ་རུ་ལྷིང་འཇགས་ཁྲོད་ཀྱི་སློབ་གླིང་མྱང་། །

སྒེའུ་ཁུང་མང་བོས་འོད་སྣང་འཛིན་ལ་བཤེས་གཉེན་དག་ཀྱང་མ་གཟིམས་འདྲ། །
སློབ་གླིང་ནས་འོངས་རླུང་གི་རྒྱུ་བ་མིག་ཟུང་བཙུམས་ནས་ཡང་ཡང་རྔུབ། །
རྣ་བ་བླགས་ནས་རྨ་ཆུ་ལ་ཉན་ལུས་ཀྱང་རྨ་ཁུག་ཉིད་ལ་གླན། །
བདག་ནི་ཡུལ་འདིའི་རྩྭ་ཕྲན་དང་ནི་ས་དམར་ལའང་དུངས་ཀ་འཁྱིལ། །

འདི་ལ་དུངས་པའི་སེམས་ཀྱི་རི་མོ་དག །
འདི་ཡི་ཁོར་ཡུག་ཀུན་ལ་བཀྲམ་བྱས་ནས། །
འདི་ཡི་སྤྲིན་དང་ས་དམར་རྩྭ་ཕྲན་ཙམ། །
སྒུལ་ཞིང་འཁྱེར་བའི་སྦོབས་པ་མ་མཆིས་སོ། །

                                 ༢༠༡༦.༥.༦ཉིན་ཕ་ཡུལ་དུ།

ཁ་ཆར་སྨུག་པའི་གསེང་ནས་གནས་སྐོར་ལ་སོང་ཚུལ།
ཁ་བའི་ཐེམ་སྐས་ཀྱ་ཀྱུ་རི་གཤམ་སྨུག་ལ་འཐིམ། །
བལ་དཀར་སྨུག་པ་གྱོན་ནས་གནས་སྐོར་ལ་མོར་ཕྱིན། །
ཁ་ཆར་དྲ་བ་འཐེན་ཅིང་དྲ་བར་མཇལ་བ་མཐོང་། །
འདམ་རྫབ་ལུས་ལ་བྱུག་བཞིན་དད་པས་བརྐྱངས་ཕྱག་འཚལ། །

བྱིས་པའི་མིག་ཟུང་དྭངས་མོ་རྒན་གྱི་རེ་འདུན་བཞིན། །
ན་རྒས་འཆི་བ་དག་ནི་རི་ཆེན་གྲིབ་སོ་ལྟར། །
ལས་ཀྱི་འདུ་འབྲལ་དར་རྒུད་ཟིལ་གྱོན་མེ་ཏོག་འདྲ། །
གནས་ལམ་སྨུག་འདྲེས་མ་འདི་ཚེ་ཡི་བཤུལ་ལམ་མོ། །

སྨོན་འདུན་ཞེ་རུ་འཁྱིལ་ལ་ཞེ་སེམས་ཁ་བར་བཅོལ། །
ཁ་བ་དུང་གཤོག་ཅན་མ་བདུད་རྩི་ཆར་ལ་གྱུར། །
གོམ་ཁ་དད་པས་བསྒྱུར་ལ་ངལ་བ་མི་གདུག་གོ །
དུངས་དུངས་སྙིང་གི་དབུས་ལ་རེ་འདུན་མི་ཐེག་གོ །

འབྲི་ཤུག་རྩེ་བརྒྱའི་མགོ་ལ་ཁ་བའི་དུངས་ཀ་འཁྱིལ། །
སྨུག་པའི་ཞགས་པ་དག་ཀྱང་ལྗོན་ཤིང་བྲག་ལ་ཐོགས། །
ཚེ་རབས་ལས་ཀྱིས་བསྐྲུན་པའི་ཞེན་ཆགས་འདི་ཀོ་ཡང་། །
བྲག་ལྡེབས་རི་དྭགས་བརྩེ་བའི་མིག་དང་མི་འདྲ་འམ། །

         ༢༠༡༦.༢.༢༨མཚན་མོར་བྲ་དཀར་སྤྲེལ་རྫོང་དགོན་དུ།

སེམས་པ་སོང་བའི་སྒེག་མོ་ཞིག་གི་མིག་ཟུང་ཁོ་ན་བྲིས་པ།
ཆང་ཕོར་འབྲུག་རིས་ནང་དུ་འགུལ་ཙམ་གྱིས། །
མ་འཐུང་བཟི་སྣང་སྟེར་བའི་ཆང་མིག་འདི། །
འཇམ་གཉེན་མེ་ཏོག་མཚོ་ལ་ཤར་བ་སྟེ། །
ལག་པས་འཛིན་དང་གཏོང་བའི་ཐབས་ནི་གང་། །

རྫི་མའི་སྒྲོ་གཤོག་ཕབ་དང་ཕྱེ་བ་ལས། །
གཟི་ཁྲ་ཆུ་ལ་ལྷུང་བའི་མིག་ཟུང་འདི། །
རི་རྩེའི་སྤྲིན་ལ་འདྲེས་པའི་གླིང་བུ་འམ། །
དྲན་འཛིན་དབང་མོ་ང་ལ་འཛུམ་པ་བཞིན། །

ཡིད་ཀྱི་དགའ་སྐྱོ་མཚོ་མོའི་རླབས་རིས་རྣམས། །
ངག་ལས་མ་བྱུང་སྙིང་ལ་སྨྲ་མཁན་འདི།.།
གཡུ་ཆུང་ལོ་མ་འཛིན་པའི་ཤུག་པ་སྟེ། །
ཞེ་ལ་དྲི་བཟང་སྟེར་བ་སུ་ཡིས་རྟོགས། །

ཆང་དང་འོ་ཞོའི་མངར་སྐྱུར་འཁྱིལ་བ་དང་། །
ལུག་ཆུང་ཚར་ཁ་བེ་འུའི་མིག་འདྲ་འདི། །
སྙིང་ལ་ཆུ་འཁྱག་འདྲ་ལ་བསིལ་རླུང་འདྲ། །
སྤྲིན་པ་རྡོ་དང་མེ་ཏོག་ཤིང་སྐམ་འདྲ། །

ཞེ་རྩ་འཁྱག་པ་འདྲ་ལ་དྲོ་བ་འདྲ། །
ཚེར་མས་བསྣུན་པ་འདྲ་ལ་བླངས་པ་འདྲ། །
སྙན་འཇེབས་པི་ཝང་རོལ་མོ་འཁྲོལ་འདྲ་བ། །
སྙིང་ལ་སྒྱུ་འཕྲུལ་སྟེར་བ་འདི་ཅི་ཞིག །

ཟིལ་བ་གྱོན་པའི་མེ་ཏོག་ངུ་བ་བཞིན། །
སྨུག་ལོང་ཁྲོད་ན་སྨྲེང་སྐྱོ་ཆེ་བ་ལྟར། །
ཉི་འོད་འཐུང་བས་འཛུམ་དགོད་བྱེད་པ་དང་། །
ཆར་རླུང་གསེང་ན་ཁྲོ་བའི་མེ་ཏོག་བཞིན། །

    ༢༠༡༦ལོའི་ཧོར་ཟླ་གསུམ་པའི་ཚེས་བཞི་སྟེ་སེམས་པ་དང་འདྲ་བའི་སོས་ཀ་ཤར་ཚེ་དུང་གཤོག་ཁ་བས་བྲིས།

ང་ཁོ་ན་བཟི་བར་ཤོག
ཡིད་ཞེ་རྩར་འཁྱིལ་པའི་དུངས་ཀ་སྟེ།།
འཛུམ་མིག་ཆུ་གཉིས་ལ་དབང་བ་མོ།།
གནས་འཁོར་བ་མྱ་ངམ་ཐང་ཆེན་ལ།།
བསིལ་ཤ་ལེ་བཞུར་བའི་ཆུ་ཕྲན་ཡིན། །

རུས་བྲང་ལ་གཏོར་བའི་མིག་ཆུའི་ཚོམ།།
རྐང་རུས་པ་ཟ་བའི་མེ་ལྕེ་སྟེ།.།
ཆང་བདུད་རྩིའི་མིག་གི་དྭངས་ཤ་ལས།.།
ང་ཁོ་ན་བཟི་ཞིང་འཁྱོར་ལ་རེ། །

སྐྲ་ལན་བུ་བཤིག་པའི་ཚང་ཚིང་ལས། །
འཇམ་མེ་ཏོག་དགོད་པའི་དྲི་ཞིམ་ཚོར། །
དབྱར་དྭངས་མོའི་ཆུ་ཕྲན་གླུ་ལེན་མ། །
ཆུ་གླུ་ལེན་མ་དེ་ཁྱོད་རང་ཡིན། །

གཞོན་དུངས་སེམས་གཅིག་ལ་རེ་དོགས་བརྒྱ། །
སེམས་རེ་དོགས་འཚུབ་པ་ཐང་རེ་ཆད། །
རྡོ་གོར་མོར་བཅོལ་པའི་དམ་ཚིག་དག །
ཞེ་འདི་ལ་ཡོད་ན་དེ་གས་ཆོག ། 
                            2016.1.14ཉིན།

རི་རྩེའི་སེམས་ཀྱི་འཆར་ཚུལ།

ངག་རིག་རྒྱ་མཚོ་གཅིག་ལ་བསྡུས། ། 

ཡིད་འཕྲོག་ལྷ་མོའི་གཟུགས་སྤྲུལ་པ། །

དགའ་དད་སྙིང་གི་གུར་ལ་བཞུགས། །
ལུས་ངག་ཡིད་ལ་བཀྲ་ཤིས་སྩོལ། །

རྒྱལ་བའི་གསུང་རིས་འཇལ་ལ་ཤར། །
འཇའ་ཡི་དར་རྣམས་རླུང་གིས་བསྐྱོད། །
གསུང་རབ་ཁུར་པའི་རླུང་གི་ཚོགས། །
ཡངས་ལ་འཇམ་པས་བདེ་དགའ་བྱིན། །

ཁ་བ་ཆར་དུ་གྱུར་ཅིང་འབབ། །
རྩྭ་སྐྱ་མྱུག་གུ་གསར་བས་བརྗེས། །
ཆགས་སྡང་རེ་དོགས་འཚུབ་པའི་བློ། །
རི་རྩེའི་སྤྲིན་དང་ལྷན་ཅིག་ཡལ། །

གཡུ་ཤུག་དྲི་བཟང་ཁྱེར་བའི་རླུང་། །
བསང་དུད་མཁའ་ལ་བསྐྱོད་པའི་ཞགས། །
སྙན་འཇེབས་རོལ་མོ་འཁྲོལ་བའི་སྒྲ། །
དགའ་བདེ་རྒྱས་པའི་སེམས་འདི་བཞིན། །

མཁའ་ནི་ཉི་མའི་འོད་གུར་ན། །
བྱ་རྒྱལ་རྒོད་པོ་ལྡིང་བ་མཐོང་། །
གཡུ་ལོ་བཞད་པའི་ལྗོན་གསེང་ན། །
ཕོ་རོག་བག་ཡངས་རྒུམ་བུ་འཐུ། །

བྲག་དཀར་ཚེས་རུ་བསྒྲིགས་པ་དག །
སྤང་ལས་སྤང་རྣམས་ཁྱེར་ཏེ་སྐྱེས། །
གནམ་སྔོན་གུར་ཁྱིམ་འདེགས་པ་དེས། །
རི་སྐྱེས་ཚོགས་ཀྱང་སྤྲིན་ལ་བསྲེས། །

རི་ཡི་ཕྲེང་བ་གནམ་མཐར་བསྲིངས། །
མིག་གི་ཞགས་པ་བརྐུས་ཏེ་བྲོས། །
ཀར་སིལ་བུ་རམ་སྦྲང་རྩིའི་རོ། །
མྱོང་བ་ལྟ་བུའི་སེམས་འདི་འཕྲུལ། །

ཚེ་ནི་སྐར་མདའ་ལྷུང་བ་བཞིན། །
སྐྱིད་སྡུག་འབྲོག་པའི་མཚེར་ས་ལྟར། །
ཐབས་མཁས་བརྩེ་བས་རབ་བསྐྱོད་པའི། །
བཤེས་གཉེན་དམ་པས་སྐྱོངས་ཤིག་ཀྱེ། །
     2016ལོའི་ཧོར་ཟླ2ཚེས29ཉིན་གནས་མཆོག་གླང་ཆེན་སྤྱི་གཙིགས་ལ་དར་འཛུགས་བསང་མཆོད་ལ་སོང་དུས་སེམས་ལ་འདི་འདྲ་ཞིག་ཤར་བ་ཡི་གེར་ཕབ་པའོ། །
       
དུངས་ཀ་ངག་ལ་བཀུག་ན།
སེམས་ལ་དགུན་ཁ་ཚེས་པས། །
ཐལ་རྡུལ་འཚུབ་མ་འཁོར་བྱུང་། །
རྩྭ་སྐྱའི་སྡུག་གླུ་མཉོམ་པོ། །
སྨྲེང་སྐྱོའི་སྣོན་པ་ཨེ་ཡིན། །

ཞེ་ལ་འཛུམ་པའི་མི་དག །
མིག་ལ་འཁྱིལ་བའི་ཆུ་ཡིན། །
ཆུ་ཡི་དྭངས་གཙང་བསམ་ན། །
ཤ་དང་རུས་པ་དེ་ཡིན། །

ཤེལ་དཀར་དར་གྱི་སྦུབས་ན། །
སྐད་སྙན་སྒྲོག་དེ་སུ་ཡིན། །
སེམས་པ་འཁྲུལ་བ་མིན་ན། །
སྙིང་ཐུབ་ང་ལ་འབོད་འདྲ། །

མེ་ཏོག་དགོད་དང་ངུ་བ། །
གཡུ་སྦྲང་དགོད་དང་ངུ་བ། །
དུངས་སེམས་འོ་ཆུ་འདྲེས་ལ། །
དགའ་སྐྱོའི་དབྱངས་རྟ་གཅིག་ཡིན།.།

འཁོར་བ་ཚེར་མའི་ཚང་ལ། །
སྙིང་སྡུག་འཇམ་མཉེན་མེ་ཏོག །
བཞད་དང་གྲོལ་པའི་མཛེས་སྡུག །
འཁོར་བ་སྐྱིད་པའི་དོན་ཡིན། །

ང་ཚོ་འདི་ལ་འཛོམས་འཛོམས། །
ང་ཚོ་འདི་ནས་གྱེས་གྱེས།.།
དུངས་པའི་འཛུམ་དཀར་དེ་ལས། །
འཁང་ར་སྡུག་ཡུས་ཅི་ཡོད།.།
                 2016.2.23 མཚན་མོ།.

ཕ་ཡུལ་ལ་དབྱར་ཁ་སླེབས་པ།
ཁ་བ་བྱེའུ་ཆུང་འཕུར་བ་འདྲ་ལ་ཞོ་གསར་དུམ་བུ་ཆད་འདྲ་འབབ། །
ས་ལ་རེག་ཚེ་གློ་བུར་ཉིད་དུ་གཟུགས་བརྙན་འཆར་བའི་ཆུ་ལ་སྤྲུལ། །
ཆར་ཡང་ཁ་བ་རླུང་དང་འགྲོགས་ཏེ་མིག་ལ་དྲ་བའི་རི་མོ་འབྲི། །
ཉིན་མཚན་སྦྲེལ་བའི་ཁ་ཆར་དག་གིས་རྡོ་བའི་ཁོག་ཀྱང་ལོན་སྙམ་བྱེད། །

ཞོགས་ཀར་འབྲི་ལ་བཞོ་གླུ་ལེན་མ་པི་ཝང་འདྲ་བའི་མིག་ལྡན་མ། །
གྲང་མོ་ཆུ་ཡིས་འཁུར་ཚོས་བཀྲུ་ལ་ནུ་འབུར་དྲོན་མོའང་བསིལ་བར་བྱེད། །
དེ་ནི་འཛའ་བོའི་ལག་པ་འདྲ་འམ་སྣང་བ་གསོ་ལ་སྨན་འདྲར་འགྱུར། །
ཇི་ལྟར་ས་རྡུལ་བབས་པའི་མེ་ཏོག་ཆར་གྱིས་བྲན་ཚེ་མདངས་རྒྱས་བཞིན། །

བསང་དུད་ཡར་འགྲོ་ཁ་ཆར་མར་འབབ་གོས་ཆེན་སྔོ་དཀར་བསྣོལ་འདྲ་བ། །
མཁའ་ཡི་ལྷ་རྣམས་མཆོད་པ་བཞེས་ཤིང་འདོད་པའི་དངོས་གྲུབ་གནང་སྙམ་ལ། །
སྟག་ཤར་ཀི་བསྭོའི་གནམ་ས་བསྒུལ་ཅིང་རྟ་མཆོག་རྨིག་པས་ས་ཆེན་རྡུང་། །
སྨུག་ཞག་འཁྱིལ་བ་གཡང་གི་སྡེ་འདིའི་ཕྱི་ནང་བཀྲ་ཤིས་སྤེལ་ཅིག་ཀྱེ། །

མིག་ཟུང་ལྟ་བུའི་བྱིས་པ་དག་ནི་ཕ་ཡུལ་དར་བའི་སྲོག་ཏུ་ལྟ། །
དབྱར་ཁ་སླེབས་ཚེ་མེ་ཏོག་དག་ཀྱང་བྱིས་པ་རྣམས་ལ་འགྲན་བཞིན་སྐྱེ། །
འབྲུག་སྒྲ་ཐོས་ཚེ་ཨ་མའི་པང་ན་རྩེ་འགོད་བྱེད་པ་འདི་དག་ཡང་། །
ཆུང་ནས་དགེ་བའི་བཤེས་ལ་མཇལ་ཏེ་ཤེས་རབ་གཙང་མ་འཕེལ་བར་ཤོག །

སྐྱ་རེངས་བཀྱགས་ནས་ཅོ་ཀས་སྐད་དག་བརྗེས་ཤིང་རོལ་མོ་འཁྲོལ་འདྲ་བྱེད། །
ལྗོན་ཤིང་ལྡན་ཚེ་ཁུ་བྱུག་དག་ཀྱང་སྙན་དབང་གསོ་ལ་ཕེབས་པར་ངེས། །
ཉེ་ན་མ་ཡིན་རྒྱང་ན་མིན་པའི་བྱེའུ་སྐད་གཞན་ཡང་སྣ་ཚོགས་སྒྲོག །
ཆར་ཐིགས་རེག་ཚེ་ཀུན་ཀྱང་འདི་ལྟར་སྣང་བ་སྤྲོ་བའི་གླུ་དབྱངས་ལེན། །

སྐབས་སྐབས་སྨུག་པའི་ལག་པ་དག་གིས་རྫི་མའི་རྩེ་ལ་ཐུག་འདྲ་དང་།.།
བར་བར་གློ་བུར་ཐང་ཆེན་གཤོང་གི་ཆུ་འཁྱིལ་མེ་ལོང་འཐོར་འདྲ་མཐོང་། །
ཡང་ནི་སྐད་ཅིག་སྨུག་པའི་གོས་ཀྱིས་མཛེས་མས་མྱོས་བུམ་སྦས་ལྟར་བྱེད།.།
སྒེག་མོའི་མིག་གི་གཡོ་འགུལ་འདྲ་འདིས་སྒྱུ་མའི་སེམས་ལ་སྒྱུ་འཁྲུལ་སྟེར། །

རི་བོའི་རྒྱུད་དུ་ཁ་བས་གཡོགས་པ་དུང་གི་ལང་ཚོ་ངོམ་པར་རྟོག །
ཐང་གི་ལྟེབས་དང་ཆུ་ངོགས་རྣམས་སུ་གཡུ་ཆུང་དྲུག་དཀར་བརྡལ་པར་སྙམ། །
གཡུ་ཡི་མཛེས་སྡུག་དུང་ལ་འཁྱུད་པ་མེ་ཏོག་ཆུ་ལ་ཤར་འདྲ་འདི། །
བསོད་ནམས་བརྩམས་པའི་ས་ཡི་མི་ལ་གནམ་གྱི་ལྷ་ཡིས་བསྐྲུན་པར་སྙམ། ། 

རྩྭ་ལྗང་རྩེ་དང་མེ་ཏོག་འདབ་མར་འཇིག་རྟེན་ཤོང་བའི་ཆུ་ཟིལ་འཛིན། །
སྙམ་མེད་ལྡང་བའི་བསིལ་རླུང་འཕྲད་ཚེ་གློ་བུར་ཡལ་བས་བྲེད་ཤ་བྱིན། །
ཐང་དང་ཆུ་འགྲམ་སྨུག་པས་འཁྱུད་བཞིན་དུང་གི་རི་ལྡེབས་དག་ལ་རྒྱུ། །
རི་རྩེ་རི་སྡིངས་རི་ཤོད་ཚོམ་པ་ཕྱེ་ལེབ་དག་གིས་མེ་ཏོག་བཞིན། །

སྐྱེ་ལ་དགའ(1)ནི་སྔ་བར་སྐྱེ་ཞིང་ཨ་གསར་ཟད་བཞིན་སྔ་བར་སྐེམ། །
མེ་ཏོག་རྩི་ལྗོན་སྨན་གཤིས་ཅན་དག་མཉམ་སྐྱེ་མཉམ་འཆི་ཡིན་པར་སེམས། །
ཆུང་ནས་འདྲིས་པའི་རླུང་གི་དྲི་ལ་མིག་ཟུང་བཙུམས་ནས་ཡང་ཡང་བསྣམས། །
ཆུང་ནས་བཟུང་སྟེ་དབྱར་ཁ་དག་ནི་འདི་ལྟར་སླེབས་པ་ཡང་ཡང་འཆར། །
ཞེས་པ་འདི་ནི་བོད་རབ་གནས་མེ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བཅུ་དྲུག་ལ་དབྱར་ཁ་སླེབས་པའི་ཞེ་དུང་དུང་བའི་ངང་ཆོས་སྐྱོང་རྒྱལ་ལམ་སྒྲའི་ཀུན་བཤད་ཀྱི་མིང་དབྱངས་ཅན་བཞད་པའི་འཛུམ་ཟེར་ཞེས་འབོད་པས་བྲིས། 
(1)སྐྱེ་ལ་དགའ་ནི་ས་འདིའི་མེ་ཏོག་ཅིག་གི་མིང་ཡིན་ལ། དེ་ནི་སོས་ཀ་མེ་ཏོག་དང་རྩི་ལྗོན་ཀུན་མ་སྐྱེས་པའི་དུས་སུ་སྐྱེ་ཞིང་། དེ་དག་སྐྱེ་ཚེ་མེ་ཏོག་འདི་སྐེམ་མགོ་རྩོམ་མོ།

ཟླ་ངོགས་ཆུ་འགྲམ་གྱི་སྣང་བ།
ཟླ་འོད་འཐུང་བའི་མཚན་མོ་སྐྱ་བོ་ནི། །
སུ་ལ་སྒུག་པའི་ཞེ་རེ་བཞིན་དུ་རིང་། །
རི་རྒས་དག་ཀྱང་བྱིས་པའི་རྩེ་མོ་བཞིན། །
སྐར་མའི་གྲངས་ཀ་རྩི་བ་སུ་ལ་གསང་། །

ལོ་ཟླའི་མེ་ཏོག་གཙང་བོས་ཁུར་རམ་ཅི། །
བཞིན་ལ་ཕྲ་བའི་རི་མོ་འབྲི་མཁན་སུ། །
འཕྲད་པའི་རེ་བའང་རྙིད་པའི་མེ་ཏོག་ལ། །
ཁྱོད་ལུས་ཐོབ་ཚེ་ཆར་ཆུས་གསོས་པ་བཞིན། །

གཞོན་ཚེ་འུ་གཉིས་རྔུལ་ཆུའི་ངོགས་སུ་རྩེ། །
ཆར་རྗེས་འཇའ་ཚོན་ཤར་ཚེ་ཅ་ཅོ་སྒྲོག །
མེ་ཏོག་ཕྲེང་བ་བསླེས་པའི་ཞྭ་མོས་ཀྱང་། །
འཇམ་མཉེན་མེ་ཏོག་བཞིན་ལ་མཛེས་སྡུག་སྣོན། །

དེང་ནི་རི་ཆུ་སྟོང་གི་ཕར་ཚུར་ལ། །
ཟླ་བ་ཁོ་ན་ཐུན་མོང་མཁའ་ལ་རྒྱུ། །
དེར་ཡང་ལས་འཕྲོ་རྙེད་པའི་གཟི་མིག་མ།.།
སེམས་པ་ཁེན་པའི་ཁྱིམ་ཡང་ཡོད་པར་ངེས། །

གཞོན་པའི་མཇལ་འཛོམས་མཚོ་རླབས་བྲག་ལ་བཞིན། །
ཡུན་རིང་སྡོད་པའི་སྐལ་བ་སུ་ལ་ཡོད། །
དུངས་ཀ་རྡོ་ལ་བབས་པའི་མཚོ་རྗེས་སྟེ། །
བསྐལ་བའི་རི་ལ་བཏབས་པའི་ཁ་ཆད་འདྲ། །

མཚན་མོའི་ཆུ་བོས་མུན་པ་གྱོན་པར་སྙམ། །
ཤག་ཤག་སྒྲ་ལས་མིག་ལ་ཐོགས་མ་གྱུར།.།
ཡིན་ཡང་ཁྱོད་ཀྱི་སེམས་པ་ཇི་བཞིན་དུ། །
དྭངས་གཙང་བསིལ་ལ་མཇམ་པ་བདག་གིས་རྟོགས། །
                                         2016.4.15མཚན་མོ།
སྟོན་ཀ་དང་ཞེན་ཆགས།
སྤྲིན་འོག་རི་ལ་ཆགས་པའི་ཁ་བ་ཞྭ་ལྟར་སྲབ།།
དུད་པའི་རྩྭ་ཕྲན་རེ་བཞིན་ཞོགས་ཁའི་བ་མོས་འཁྱུད། །
ནུབ་པའི་ཉི་མ་ཉིད་དང་དུས་བཅད་མེད་མོད་ཀྱང་།།
ངང་ཁྱུ་ངང་གིས་འཕུར་ལ་ཁྲུང་རྡང་འཐེན་ཅིང་སྙེག།

ཉི་རྒས་རི་ལ་ནུབ་ཚེ་འཁྲེང་བའི་ཕྱི་མིག་བྱེད།།
འཐོར་བའི་ཤིང་ལོ་སེར་སྐྱས་གདུང་སོགས་འགྲེམ་པར་སྙམ། །
གཡུ་སྦྲང་ཞེ་རྩ་འཁྱག་པ་ངས་ཀྱང་མྱང་ནུས་ཏེ། །
མེ་ཏོག་སེམས་པ་མེད་ཀྱང་འཛུམ་ཆུང་ཡལ་བ་མཐོང་། །

ཆུ་ནི་རིང་བའི་ལམ་ལ་མི་འདོད་གཅིག་པུ་འགྲོ། །
ངལ་ཞིང་དུབ་པའི་ཚེ་ཡང་སྡོད་དབང་མེད་པ་སྟེ། །
ཞེན་ཆགས་ཚེར་མ་རྣོ་ཡང་ད་དུང་འགྲོ་དགོས་པས། །
སྤྲུལ་རྒས་པགས་པ་བརྗེ་བཞིན་ལས་ཀྱིས་མ་བསྐྱུར་སུ། །

སེམས་པ་མྱ་ངམ་ཐང་གི་མེ་ཏོག་རྐང་གཅིག་ལ། །
མུན་པ་ལུས་ལ་གྱོན་བཞིན་བར་དོ་འགྲིམ་པ་འདྲ།།
རྒོ་བའི་རྭ་ཐེམ་བཞིན་དུ་རིམ་པར་གདུང་བ་འདི།།
ཨ་ཧོ་འཇམ་པའི་མེ་ཏོག་བད་ཀྱིས་རྙིང་བ་བཞིན། །

                              2016.8.5ཉིན། ཀླུ་ཚང་དུ།


 སེམས་ཁུར།
མཚན་ལ་མུན་པ་གྱོན་ནས་བསམ་གཞིག་ཀློང་དུ་ཞུགས། །
སྨྲེང་སློང་ཚེས་རུ་དཀར་བོ་ནམ་གུང་འཛུར་ཡང་གསལ། །
ཉིན་གང་ལས་ཀྱིས་དུབ་པའི་རི་རྒས་སྙམ་མེད་དུ། །
མག་མོག་ཟླ་འོད་ངོགས་སུ་ཡུར་བའི་སྔུར་བ་འདྲེན། །

ད་ནི་རི་རྒྱབ་ཕ་ཡུལ་གྲང་བ་དགུན་ལ་ཉེ། །
གངས་རླུང་རལ་ཁ་འཐབ་པའི་དུས་ནི་ངེས་པར་འོང་། །
འཇམ་པ་ལུག་ཆུང་ཚ་རུའི་གོས་ལྭ་ཅི་ཙམ་ཡོད། །
དགུན་འཁྱག་ས་རྡོ་འགད་ཚེ་མིང་སྲིང་ཨེ་གྲང་ངམ། །

མཚན་མོའི་ལྷང་འཇིགས་ཟ་བའི་དུས་ཚོད་འཁོར་ལོ་ཡིས། །
ཞེ་ལ་འཇིགས་འཇིགས་བྲེད་ཤ་ཡང་ཡང་སྟེར་བར་བྱེད། །
དོ་ནུབ་ཆུ་ཁུར་རླུང་བུ་ཕྱི་ན་ལྡང་ཞིང་འཁོར། །
སང་ཞོགས་བརྩེ་མེད་བ་མོས་མེ་ཏོག་ཅི་ཙམ་བརྙིད། །

                                 2016.8.7ནམ་སྨད་ལ་ཀླུ་ཚང་དུ།



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-08-08 ལྟ་ཀློག (16673)