ངེད་དྲ་བའི་གསར་འགོད་པ་མཚོ་སྔོན་པོར་བསྐྱོད་པ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དྲ་བའི་གསར་འགོད་པ་མཚོ་སྔོན་པོར་བསྐྱོད་པ།  

    མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་ཡོད་ཅིང་།  བོད་གངས་ཅན་གྱི་མཚོ་ཆེན་བཞིའི་ཡ་གྱལ་དང་།  རང་རྒྱལ་གྱི་སྐམ་སའི་སྟེང་གི་ཆེས་ཆེ་བའི་ཚྭ་མཚོ་དེ་ཡིན་ལ།  མཚོ་འདི་ནི་ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཚད་36.32ནས་37.15ཡི་མཚམས་དང་།   ཤར་གྱི་གཞུང་ཚད་99.36ནས100.47 གྱི་མཚམས་ན་ཡོད།  འདིའི་སྲིད་ཀྱི་ཆེས་རིང་ཚད་ལ་སྤྱི་ལེ106དང་།  ཞིང་གི་ཆེས་ཆེ་ཚད་ལ་སྤྱི་ལེ63 མཐའ་འཁོར་གྱི་ཆེས་རིང་ཚད་ལ་ཧ་ལམ་སྤྱི་ལེ360།  མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲི་བཞི་མ་4573།    མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3196།  ཆ་སྙོམས་ཀྱི་ཟབ་ཚད་ལ་སྨི་19.15བཅས་ཡོད།  གནས་འདི་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་སྔོན་བྱོན་མཁས་གྲུབ་རིམ་བྱོན་གྱིས་མཚོ་འདི་ལ་བསྔགས་བརྗོད་དང་བྱིན་གྱིས་བརླབས་མྱོང་ཞིང་།  གནའ་ནས་ད་ལྟའི་བར་དུ་དད་ལྡན་མང་ཚོགས་ཀྱི་སེམས་ཀྱི་གནས་མཆོག་ཅིག་ཡིན་པ་མ་ཟད། ད་ལྟ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་བྱེད་སའི་ལྟེ་གནས་སུ་གྱུར་ཡོད། 

    མཐའ་འཁོར་ཡོངས་འབྲོག་སྡེ་ཆེན་པོ་དག་གིས་བསྐོར་བའི་དབྱར་དྲུག་པའི་མཚོ་སྔོན་པོ་ནི་ཨ་སྔོན་ཐང་ལ་ལྷུང་བ་བཞིན་མཛེས་ཤིང་།  གླིང་ཕྲན་དག་གི་བྱ་རིགས་སྣ་ཚོགས་ཀྱང་མཚོ་སྔོན་པོའི་རླབས་ཕྲེང་དང་བསྡོངས་ནས་བག་ཡངས་ཀྱིས་འཕུར་ལྡིང་གར་ལ་རོལ་བས་ལྗོངས་རྒྱུ་བ་དག་གི་ཡིད་སེམས་དབང་མེད་དུ་འཕྲོག་བཞིན་ཡོད་པར་མ་ཟད།   རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཁྲི་ཕྲག་མང་བོ་ཉིན་རྒྱུན་བཞིན་འཚང་ཁ་བརྒྱབ་ནས་གནས་འདིར་ལྗོངས་རྒྱུར་ཕེབས་བཞིན་ཡོད་ཅིང་།  བོད་པ་དག་གིས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ནས་བོད་རང་ས་ནས་རང་གི་འཚོ་བའི་ལམ་ག་དང་མཐུན་པའི་ཚོང་ལས་སྣ་ཚོགས་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་བཞིན་ཡོད་པས་བོད་རང་གི་ཁྱད་ཆོས་དང་ལྡན་པའི་དཔལ་འབྱོར་གྱི་གཞི་རྐང་ཡང་ཐོག་མར་འདི་དང་འདི་ལྟ་བུའི་སྟེང་ནས་གོམ་པ་སྤོ་དགོས་པ་ནི་བསྙོན་དུ་མེད་ཨང་བསམ་བཞིན་བོད་རང་གི་ས་གནས་ཡོངས་ནས་འདི་ལྟར་བོད་རང་གི་ཁྱད་ཆོས་དང་ལྡན་པའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལམ་ག་གསར་བ་ཞིག་ཏུ་བསྙེགས་ནས་བོད་རང་གི་དཔལ་འབྱོར་ལ་རྨང་རྐང་ཡག་པོ་ཞིག་ཆགས་ཐུབ་ན་ཅི་མ་རུང་སྙམ་སོང་།  


མཚོ་སྔོན་པོའི་ས་སྲོས། 


འཛམ་གླིང་སྟེང་གི་ཆེས་ཆེ་བའི་སྦྲ་ནག


སྦྲ་ནག་གི་ཟུར་ཞིག


སྦྲ་ནག་ནང་དུ་སླེབས་པའི་ཕྱོགས་ཡོངས་ཀྱི་མགྲོན་པོ། 


བོད་རང་གི་ཁྱད་ཆོས་ལྡན་པའི་ཐབ་ཆེན། 


སོག་གུར་ཕུབ་ནས་དཔལ་འབྱོར་གཉེར་བ།  


མཚོ་སྔོན་པོའི་མཚམས་སྤྲིན་འོག་གི་སྦྲ་གུར་གྱི་མགྲོན་ཁང་། 


བོད་མི་ཚོས་གཡག་ལ་བརྟེན་ནས་ཡོང་སྒོ་འཚོལ་བ། 


འབྲོག་པ་རྣམས་ཀྱིས་རྟ་ལ་བརྟེན་ནས་ཡོང་སྒོ་འཚོལ་བ། 


མཚོ་སྔོན་པོར་གྲུ་གཟིངས་གཏོང་བ། 


མཚོ་སྔོན་པོའི་ལྗོངས་རྒྱུ་བ་རྣམས་ཀྱི་རླངས་འཁོར་གྱི་འཚང་ཁ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-07-31 ལྟ་ཀློག (4268)