གནས་མཆོག་བྲག་དཀར་སྤྲེལ་རྫོང་དང་རང་བྱོན་བྱིན་ཅན་ལ་མཇལ་བ།

གནས་མཆོག་བྲག་དཀར་སྤྲེལ་རྫོང་དང་རང་བྱོན་བྱིན་ཅན་ལ་མཇལ་བ།

  སྤྱི་ལོ་2016 ལོའི་ཞིང་རྩིས་ཀྱི་ཟླ་6 པའི་ཚེས་6་སྟེ་རེས་གཟའ་སྤེན་པའི་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་དམ་པ་སློབ་དཔོན་༧འཇིགས་མེད་རྒྱལ་མཚན་མཆོག་དང་།  སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྣམ་པ་གཉིས་མདོ་སྨད་རྫོང་ཆེན་བཞི་ཡི་ཡ་གྱལ་གནས་ཆེན་བྲག་དཀར་སྤྲེལ་རྫོང་ལ་གནས་མཇལ་དུ་ཕེབས་ཏེ་ཁོང་རྣམ་པའི་གསུང་གི་ལང་ཚོས་བསྐྱངས་པའི་སློབ་མ་རྣམས་ཀྱི་ཕེབས་བསུས་ཁྲོད་དགེ་སློབ་མཉམ་འཛོམས་བྱུང་སྟེ་སྤྲེལ་ཐང་གཡང་གི་ར་བ་ནས་གསོལ་ཚིགས་བཞེས་ཤིང་དགེ་སློབ་ཚང་མ་དགའ་དད་སྤྲོ་གསུམ་གྱིས་མྱོས་ཏེ་གནས་སྐོར་ལ་ཕེབས།  སྔོན་ཨ་རིག་རྒད་པོས་ཕྱག་འཚལ་ཏེ་སྒྲིབ་པ་སྦྱངས་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་དངོས་སུ་བྱུང་བའི་གནས་ཏེ་སངས་རྒྱས་གྲུབ་པའི་གནས་ནས་སྐུ་ངལ་ཅིག་གསོ་བའི་སྐབས་སུ་སློབ་མ་ཚང་མས་ཕན་ཚུན་ལ་རང་ཉིད་ངོ་སྤྲོད་རེ་བྱས་མཐར་ཁོང་རྣམ་པ་གཉིས་ཀྱིས་བསླབ་བྱ་ཉུང་ཙམ་གནང་།     ཁྱོད་ཚོས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སློབ་གྲོགས་ཕན་ཚུན་ལ་རོགས་རམ་བྱོས།  ཁྱོད་ཚོ་མི་རེ་རེས་ལས་ཀ་གང་ཞིག་སྒྲུབ་ན་གནད་འགག་གི་སྐབས་སུ་ཕན་འདོགས་མཁན་དེ་སློབ་གྲོགས་ཡིན་པས་དཔུང་བ་མཉམ་གཤིབ་དང་ལག་རྡང་མཉམ་སྦྲེལ་བྱེད་དགོས།   ཕན་སེམས་གཙང་མའི་སྒོ་ནས་མིའི་རིགས་ལ་ཕན་པའི་བྱ་བ་རེ་སྒྲུབ་མི་ཐུབ་ནའང་མི་གཞི་དང་ཀུན་སྤྱོད་ཀྱིས་གཞན་ལ་མིག་དཔེ་ཡག་པོ་ཞིག་འཇོག་རྒྱུ་བརྗེད་མི་ཉན་ཅེས་བདུད་རྩི་ལྟ་བུའི་སེམས་ཀྱི་གསོས་སྨན་གང་ལེགས་བསྩལ་མཐར་གནས་མཇལ་རེག་ཙམ་བྱས་ཏེ་བཀྲ་ཤིས་ལ་རུ་ཐོན་དུས་ལྷིང་ལྷིང་ལྡིར་བའི་གཡུ་འབྲུག་སྟོང་གི་ངར་སྐད་དང་ཤག་ཤག་འཇོ་བའི་ཆར་གྱི་འབབ་སྒྲའི་དངོས་གྲུབ་ཁྲོད་ནས་གནས་སྐོར་གྱི་ཁ་བསྐངས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་སྨོན་ལམ་རྣམ་དག་གིས་མཚམས་སྦྱར། མཐར་སྤྲེལ་ཐང་གཡང་གི་ར་བའི་ཁམས་བསང་གླིང་དུ་དགོང་ཟས་ལ་རོལ་མཐར་བཀྲ་ཤིས་བདེ་ལེགས་ཀྱིས་ཞལ་གཡང་འབོད་ཀྱིན་ཉི་ཟེར་གྱི་གྲིབ་སོ་དང་ལྷན་དུ་གངས་ལྗོངས་རིག་པའི་བསྟི་གནས་ཆེན་མོ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཕྱོགས་སུ་ཆས།

སློབ་བུ་རྣམས་དང་མཉམ་དུ་སྐོར་འགོ་ཚུགས་པ།

གླང་ཆེན་ཁ་འབབས་ཀྱི་གནས་སུ་སླེབས་པ།

མཐོ་རིས་ལ་ཡི་གནས་སུ་སླེབས་པ།

སངས་རྒྱས་གྲུབ་པའི་གནས་སུ་སླེབས་པ།

རྣམ་འཇོམས་ཁྲུས་ཀྱི་གནས་སུ་སླེབས་པ།

རྡོ་རྗེ་ཕུགས་པའི་གནས་སུ་སླེབས་པ།

བཀྲ་ཤིས་ལ་ཡི་གནས་སུ་སླེབས་པ།

དྲིན་ལན་འཇལ་བའི་གནས་སུ་སླེབས་པ།

སྤྲེལ་རྫོང་དགོན་པའི་དོ་དམ་མི་སྣས་ཕེབས་བསུ་བྱས་པ།

གསར་འགྱུར་མཁོ་སྤྲོད་པ།  སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་འཇིགས་མེད་འཕགས་པ་ཆོས་གྲགས་རྒྱ་མཚོ་འམ་ལྡོང་མཆོད་ཡོན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-11 ལྟ་ཀློག (6418)