ཁྲིམས་ལུགས་ཕལ་ཆེར་སྣོན་འཕྲི་བྱེད་ཀྱིན་ཡོད་པས་ཆོས་ཁྲིམས་སྣོན་འཕྲི་བྱ་རུང་ངམ། ཡང་ན་བྱ་དགོས་ས་ཡོད་དམ།


ཁྲིམས་ལུགས་ཕལ་ཆེར་སྣོན་འཕྲི་བྱེད་ཀྱིན་ཡོད་པས་ཆོས་ཁྲིམས་སྣོན་འཕྲི་བྱ་རུང་ངམ། ཡང་ན་བྱ་དགོས་ས་ཡོད་དམ། 

 དྲི་བ། ཀུན་ཐར་རྒྱལ།  དྲིས་ལན། སློབ་དཔོན་ཤེས་རབ་བསྟན་དར། 
   ཆོས་ལུགས་གཞན་དང་གཞན་པ་དུས་དང་བསྟུན་ནས་བཅོས་སྒྱུར་བྱེད་བཞིན་ཡོད་ཅིང་། ཁོ་ཚོའི་ཆོས་ཀྱང་དུས་དང་བསྟུན་ནས་འགྱུར་བ་ཐེབས་ཀྱིན་ཡོད་པ་ཁྱེད་ཀྱིས་གསུངས་པ་ནང་བཞིན་ཁྲིམས་ལུགས་ལ་འཕྲི་སྣོན་བྱེད་བཞིན་པ་མཚུངས། འདིའི་རྒྱུ་རྐྱེན་ལ་དཔྱད་ན་དུས་དང་བསྟུན་ནས་བཅོས་སྒྱུར་བྱེད་པ་ནི་ཁོས་གདོན་འོས་པའི་ནུས་པ་འདོན་མ་ཐུབ་པ་རེད། འོན་ཀྱང་། ནང་བར་མཚོན་ན་ཆོས་ཁྲིམས་ཆ་ཚང་བ་ཞིག་གཏན་ལ་ཕབ་ཡོད་པས་འཕྲི་སྣོན་བྱེད་མི་དགོས་ལ་བྱེད་ཀྱང་མི་ཆོག  ཆོས་འདུལ་བ་ནི་སངས་རྒྱས་ཉག་གཅིག་མ་གཏོགས་གཞན་སུ་ལའང་མི་དབང་བས་སྤྱན་རས་གཟིགས་ཡིན་ནའང་འདྲ། འོད་དཔག་མེད་ཡིན་ནའང་འདྲ། རྒྱལ་བ་པཎ་ཆེན་ཡིན་ནའང་འདྲ་སུས་ཀྱང་བཅོས་བསྒྱུར་བྱ་མི་ཆོག གལ་ཏེ་བཅོས་བསྒྱུར་བྱེད་མཁན་ཞིག་ཡོད་ན་དེ་ནི་སྐྱེ་བོ་མཆོག་དམན་སུ་ལའང་མ་ལྟོས་པར་ངོ་རྒོལ་བྱ་ངེས་རེད། དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱི་གསུང་དྲི་མ་ཅན་དུ་བྱས་པས་སོ། ། དུས་ཀྱི་འཕོ་འགྱུར་དང་བསྟུན་པའི་དངོས་པོ་གསར་བ་དང་བྱ་བ་གསར་བར་འཕྲད་ན་ག་འདྲ་བྱ་དགོས་ཟེར་ན་དེའི་ཐབས་ལམ་ནི་འདུལ་བ་ལས་གསལ་བོར་ གསུངས་ཡོད་ཅིང་ནང་བ་ཚད་ལྡན་པ་ཞིག་གི་ངོས་ནས་བཤད་ན་འཕྲི་སྣོན་དང་བཅོས་བསྒྱུར་དགོས་ས་ཅི་ཡང་མེད་དོ། ། འོ་ན་རྗེ་ཙོང་ཁ་བས་སངས་རྒྱས་ཀྱི་བསྟན་པ་ལ་བཅོས་བསྒྱུར་བྱས་པ་མ་ཡིན་ནམ་ཟེར་ན་མ་ཡིན་ཏེ་ཁོང་གིས་ལྟ་སྒོམ་སྤྱོད་གསུམ་མ་དག་པ་བསྒྱུར་བཅོས་ཏེ་དག་ཐེར་གནང་བ་ལས་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་གསལ་བར་མཛད་པ་ཡིན་ལ། གལ་ཏེ་སངས་རྒྱས་ཀྱི་བསྟན་པ་བཅོས་བསྒྱུར་བྱས་ན་དེ་ནི་སངས་རྒྱས་ཀྱི་དགོངས་པ་མ་ཡིན་པས་དེ་ལ་ལོག་ཆོས་སྤེལ་མཁན་ཞེས་དགག་པ་གནང་དགོས་པ་ཡིན་ནོ། ། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-06-25 ལྟ་ཀློག (765)