​ནང་བསྟན་གཞུང་ལུགས་ལ་སྦྱོང་ན་ངེས་པར་དུ་གྲྭ་བ་བྱེད་པའམ་དགོན་པར་ཞུགས་དགོས་སམ།


ནང་བསྟན་གཞུང་ལུགས་ལ་སྦྱོང་ན་ངེས་པར་དུ་གྲྭ་བ་བྱེད་པའམ་དགོན་པར་ཞུགས་དགོས་སམ། 

དྲི་བ། ཕྱག་ཤུལ་སྤྲུལ་སྐུ།  དྲིས་ལན།  སློབ་དཔོན་ཤེས་རབ་བསྟན་དར། 
ནང་བསྟན་གཞུང་ལུགས་སྦྱོང་བའམ་ཆོས་ཉམས་སུ་ལེན་པ་ལ་གྲྭ་བ་བྱ་ དགོས་པའི་ངེས་པ་མེད་དེ་སྟོན་པའི་འཁོར་རྣམ་བཞིའི་གྲས་ཀྱི་དགེ་བསྙེན་ཁྱིམ་པ་ཡིན་ལ་མི་སུ་དང་སུ་ཡིན་ནའང་འདྲ། དབང་བོ་རྣོ་རྟུལ་དང་རབ་ཏུ་བྱུང་མིན་གང་ལྟར་ཡང་ནང་བའི་ཆོས་ལ་སྦྱང་ཆོག་ལ་ཉམས་སུའང་བླང་ཆོག་ཅིང་། རང་རང་གི་བློ་ཚོད་དང་མཐུན་པའི་འབྲས་བུའང་འབྱུང་ངེས་རེད། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་སྲིན་དང་ཉ། ཆུ་འབུ་སོགས་སོ་སོས་ལོངས་སུ་སྤྱོད་ཅིང་རང་རང་གི་སྐལ་བ་དང་འཚམ་པར་ཉམས་སུ་རོལ་ཐུབ་པ་བཞིན་རེད། རབ་ཏུ་བྱུང་མིན་དང་དགོན་པར་ཞུགས་མིན་གང་ལྟར་ཡང་ནང་བསྟན་གཞུང་ལུགས་སྦྱོང་བའི་དགོས་པ་ནི་རང་གི་སེམས་བཟང་བོ་བྱ་རྒྱུ་དང་འགྲོ་བ་གཞན་ཕན་པ་བསྒྲུབ་རྒྱུ་དེ་རེད། དེ་རབ་ཏུ་བྱུང་ཙམ་དང་དགོན་པར་ཞུགས་ཙམ་གྱིས་ཡོང་བ་ཞིག་མ་ཡིན་ལ་ཉམས་སུ་ལེན་རྒྱུའི་ཆོས་བཟང་བ་ཙམ་གྱིས་ཀྱང་མི་ཡོང་བས་གཙོ་བོ་ཉམས་སུ་ལེན་པའི་གང་ཟག་ལེགས་  དགོས་པ་རེད། འོན་ཀྱང་རབ་ཏུ་བྱུང་བ་ནི་འདོད་ཆུང་ཆོག་ཤེས་དང་བྱ་བ་སྤྲོས་པ་དང་བྲལ་ཞིང་། ངན་སྤོང་དགེ་སྒྲུབ་ཀྱི་བསམ་པ་ལྡན་ཞིང་ཚུལ་ཁྲིམས་དག་པས་ནང་བསྟན་གྱི་གཞུང་ལུགས་སྦྱོང་བ་དང་ཁྱད་པར་དུ་ཉམས་སུ་ལེན་པའི་རྟེན་ཁྱད་པར་ཅན་ཡིན་ནོ། ། 
རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-06-17 ལྟ་ཀློག (6598)