མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགར་ཐོག་མར་ཚུད་པའི་བོད་ཀྱི་དགེ་རྒན་༡༥།

     མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ད་ལོའི་ཟླ་4པའི་ཚེས་13ཉིན་ནས“མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགའ”་དཔྱད་འདེམས་བྱེད་སྒོ་སྤེལ་བ་ནས་ཟླ་6པའི་ཚེས་1ཉིན་བར་2016ལོའི“མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགར”ཁྱོན་མིང་ཐོ་བཀོད་པའི་དཔྱད་གཞི་1510འབྱོར་ཡོད། ཐོག་མའི་གདམ་གསེས་ཉིན་15བྱས་པ་བརྒྱུད། མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་དྲང་བདེན་གཞུང་དྲང་གི་རྩ་དོན་གཞིར་བཟུང་། མཐར་ཚད་གཞི་དང་མཐུན་པའི་དགེ་རྒན་300བདམས་པ་ལས། བོད་རང་སྐྱོང་ལྗོངས་ནས་ཡིག་ཐོག་སྙན་ཞུ་ཕུལ་བའི་གྲོང་གསེབ་ཀྱི་དགེ་རྒན་180ཡི་ཁྲོད་ནས་15དེའི་ནང་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འབྱུང་འགྱུར་མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགའི་རྣམ་གྲངས་དེ་མུ་མཐུད་དུ་གཉེར་རྒྱུ་ཡིན་པས། དེའི་ནང་མ་ཚུད་པའི་དགེ་རྒན་ཚོས་ཆ་རྐྱེན་ཚང་རྗེས་མུ་མཐུད་དུ་ཡིག་ཐོག་སྙན་ཞུ་ཕུལ་ན་འགྲིག

    མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མིང་ཐོ་བཀོད་པའི་དགེ་རྒན་ལས་དུས་ཡུན་ཟླ་ཕྱེད་ཙམ་གདམ་གསེས་ནན་པོ་བྱས་པ་དང་། ཟླ་6ཚེས་15ཉིན་གྱི་ཕྱི་དྲོ་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་2016ལོའི“མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགར”ཚུད་པའི་དགེ་རྒན་གྱི་མིང་ཐོ་གཞུང་ཕྱོགས་དྲ་བ་www.jackmafoundation.org.cnཐོག་ཡོངས་བསྒྲགས་བྱས་པར་མ་ཟད། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་རེད།

   ད་ཐེངས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་300ཡི་ཁྲོད་དགེ་རྒན་15བྱ་དགའ་དེའི་ནང་ཚུད་པ་ལས་ཆབ་མདོ་གྲོང་ཁྱེར་ནས་7དང་། ཉིང་ཁྲི་གྲོང་ཁྱེར་ནས་3 གཞིས་རྩེ་གྲོང་ཁྱེར་ནས་2 ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ནས་གཅིག་རེ་ཡོད་པ་རེད། མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཚང་མས་སྤྱི་བསྒྲགས་དེའི་ནང་མིང་འཁོད་པའི་དགེ་རྒན་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་དྲ་བ་jmf@jackmafoundation.org.cnལ་བསྐུར་ནས་བསྐྱར་ཞིབ་བྱས་ཆོག”པའི་ངོ་སྤྲོད་བྱས་པ་དང་སྤྱི་བསྒྲགས་མཇུག་གྲིལ་རྗེས་བསམ་འཆར་མི་མཐུན་པ་མེད་པའི་མིང་ཐོ་དང་དཔྱད་གཞིའི་ཡིག་ཆ་ཐེབས་རྩ་ལྷན་ཚོགས་ལ་སྤྲོད་རྒྱུ་རེད།

    མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་བྱ་དགའ་ཐོབ་མཁན་དགེ་རྒན་ལ་ལོ་3བསྟུད་མར་མི་རེར་སྒོར་ཁྲི་10བྱ་དགའ་སྤྲོད་རྒྱུ་དང་ཆེད་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་སྤྲོད་རྒྱུའི་ཁྲོད་དངུལ་སྨར་བྱ་དགའ་སྒོར་ཁྲི་9དེ་དག་ལོ་3ལ་དབྱེ་བ་ཕྱེ་ནས་ལོ་རེར་སྒོར་ཁྲི་3རེ་སྤྲོད་རྒྱུ་དང་དེ་མིན་སྒོར་ཁྲི་1དེ་ཆེད་ལས་འཕེལ་རྒྱས་ཀྱི་གསོ་སྦྱོང་ལ་སྤྱོད་རྒྱུ་རེད།


2016ལོའི“མཱ་ཡུན་གྲོང་གསེབ་དགེ་རྒན་བྱ་དགར”ཐོག་མར་ཚུད་པའི་རང་ལྗོངས་ཀྱི་དགེ་རྒན་གྱི་མིང་ཐོ།

ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཝ་ཤང་ཞབས་པ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་རིན་ཆེན་བཟང་པོ། 

གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཚོ་སྨད་ཤང་སློབ་ཆུང་གི་ཧྥང་ཅེ། 

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་སློབ་ཆུང་གི་འཆི་མེད་ཚེ་རིང་། 

ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སློབ་འབྲིང་གི་ཀན་རུའེ་མའེ། 

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་ལྟེ་བའི་སློབ་ཆུང་གི་ཧུའུ་ཀྲེན་ཕིང་། 

མངའ་རིས་ས་ཁུལ་མཚོ་ཆེན་རྫོང་རྐྱང་ཧྲེང་ཤང་སློབ་ཆུང་གི་ཀརྨ་དོན་གྲུབ།

ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འདན་ཁོག་ལྟེ་བའི་སློབ་ཆུང་གི་ཨོ་རྒྱན་ཆོས་སྒྲོན། 

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གྱང་སྔོན་ཤང་ལྟེ་བའི་སློབ་ཆུང་གི་ཧྥེ་ཡ་ཕིང་། 

གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་བྲག་སྣེ་ཤང་ཆ་ཚང་སློབ་ཆུང་གི་ཉི་མ། 

ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གདགས་རོང་ཤང་སློབ་ཆུང་གི་ཟླ་བ་ཚེ་རིང་། 

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་སློབ་ཆུང་དང་པོའི་བསོད་ནམས་དབང་མོ། 

ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཆ་ཚང་སློབ་ཆུང་གི་གཡུ་སྒྲོན། 

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་གི་ཐང་ལི་ཕིང་། 

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སྒྲོལ་མ་ལྷ་མཚོ། 

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་ཤང་སློབ་ཆུང་གི་བློ་བཟང་གཡུ་སྒྲོན།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་དོ་དམ་གཞུང་ལས་ཁང་གིས་རོགས་གཉེར་བྱས།


རྩོམ་སྒྲིག་འགན་འཁུར་བ། འབའ་སྣང་གྲོལ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས་ཡེ་ཤེས།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-06-17 ལྟ་ཀློག (3781)