ཁེར་རྐྱང་གི་ཨ་མ་ཞིག་གིས་ཨ་རིའི་སྲིད་འཛིན་ཞིག་གསོ་སྐྱོང་གནང་བ།

ཁེར་རྐྱང་གི་ཨ་མ་ཞིག་གིས་ཨ་རིའི་སྲིད་འཛིན་ཞིག་གསོ་སྐྱོང་གནང་བ།

    མི་རྒྱུད་དཀར་བོའི་བུ་མོ་ཞིག་རང་ལོ་18སྟེང་ཧྥེ་གླིང་གི་སྐྱེས་པ་དང་གཉེན་མ་སྒྲིག་སྔོན་ལ་མི་རྒྱུད་ནག་པོའི་ཁྲག་རྒྱུན་གྱི་བུ་ཆུང་ཞིག་སྐྱེས། ཡང་རང་ལོ་21སྟེང་གཉེན་འཐོར་བ་དང་རང་ལོ་23སྟེང་ཨེ་ཤེ་ཡ་ཤར་ལྷོའི་སྐྱེས་པ་ཞིག་དང་གཉེན་བསྡེབས་ཏེ་ཧིན་རྡུ་ནེ་ཞེ་ཡ་རུ་བསྐྱོད་ཅིང་ཁྲག་རྒྱུན་འདྲེས་མའི་བུ་མོ་ཞིག་སྐྱེས། ལོ་འགའི་རྗེས་སུ་ཡང་བསྐྱར་ཁོ་མོ་གཉེན་འཐོར་བ་རེད། གཉེན་སྒྲིག་ཐེངས་གཉིས་ཀར་ཕམ་ཉེས་བྱུང་བའི་ཁེར་རྐྱང་གི་མ་ཡུམ་འདི་ཉིད་ཀྱིས། ཁྲག་རྒྱུན་འདྲེས་མའི་བྱིས་པ་མིང་སྲིང་གཉིས་(ཕ་མི་གཅིག་པའི་)གཉོར་སྐྱོང་གནང་བ་ནི། ཁྱེད་ཀྱིས་བལྟས་ན་ཨ་རིའི་མུ་འབྲེལ་གློག་བརྙན་《ཡིད་དབང་འཕྲོག་པའི་བུ་མོ》《绯闻女孩》ཞེས་པའི་ནང་གི་མི་སྣ་གཙོ་བོ་དེ་དང་ཡང་ན་བླུན་རྨོངས་དང་རང་ཉིད་ངན་རུལ་བྱེད་པར་མོས་པའི་བུ་མོ་ཞིག་ཡིད་ལ་འཆར་ངེས་ཡིན།  ཡིད་ཕངས་པ་ཞིག་ལ། དེ་འདྲའི་གནས་བབ་སྐྱོ་བོ་ཞིག་ཏུ་འགྱུར་བ་ཁོ་མོའི་བསམ་པའི་ཡུལ་ལས་ཀྱང་འགོངས། དེ་ལས་ལྡོག་པ་ཞིག་ལ། ཁོ་མོ་ནི་བློ་རིག་བཀྲ་ཞིང་ལས་ལ་བརྩོན་མཁན་ཞིག་ཡིན་པས་མིའི་རིགས་རིག་པའི་འབུམ་རམས་པའི་(博士)ཐོབ་ཐང་བླངས་པ་དང་ཧིན་རྡུ་ནེ་ཞེ་ཡའི་དཔལ་འབྱོར་ཆེད་ལས་མཁས་པར་གྱུར། གཞན་ཁོ་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་ལ་ཞུགས་པ་རེད། ཁོ་མོའི་མིག་རྒྱང་རིང་ཞིང་བྱིས་པ་ཚོའི་སློབ་གསོ་ལ་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཞིང་ཡང་ནམ་ཡང་འཛེམ་དོགས་འཚེར་སྣང་མེད་པར་གུ་ཡངས་སྒོ་ནས་ཁོ་མོས་འཇོན་ཐང་ཅན་གྱི་བུ་བུ་མོ་གཉིས་གསོ་སྐྱོང་གནང་ཡོད་དེ། བུ་མོ་ནི་ཞ་བེ་ཡེ་སློབ་ཆེན་(夏威夷大学)གྱི་འབུམ་རམས་པ་ཡིན་ལ། བུ་ནི་ཨ་རིའི་ལོ་རྒྱུས་སྟེང་གི་ཐེངས་དང་བོའི་མི་རྒྱུད་ནག་པོའི་སྲིད་འཛིན་དེ་ཡིན་ནོ།།

གད་མོ་དགོད་པའི་ཚེ། ཨོ་བྷ་མ་ཁོ་རང་གི་ཨ་མ་དང་ཀུན་ནས་མཚུངས། 

ཨོ་བྷ་མས་འདི་ལྟར་བཤད་མྱོང་ཡོད་དེ། ཁོ་རང་གི་མི་ཚེ་གཅིག་ལ་ཆེས་ཤུགས་རྐྱེན་ཟབ་མོ་ཐེབས་མཁན་ནི་ཨ་མ་ཡིན་ཟེར།ཨ་རིའི་དབུས་ནུབ་ཁུལ་ནས་ཡིན་པའི་མི་རྒྱུད་དཀར་བོའི་བུད་མེད་ཅིག་གིས་བཤད་དོན། "ཁོ་མོ་ནི་ངས་ཤེས་པ་དག་ལས་ཆེས་བྱམས་བརྩེ་ལྡན་ཞིང་ཆེས་རྣམ་དཔྱོད་ཕུལ་དུ་བྱུང་བའི་མི་བུ་དེ་རེད། ང་ལ་ཡོད་པའི་ཆེས་ལེགས་པའི་དགེ་མཚན་མཐའ་དག་ཁོ་མོ་ལས་བྱུང་བ་ཡིན་"ཟེར། ཁོ་མོས་མི་ཚེ་གང་བོར་མིང་མི་འདྲ་བ་བཞི་བཀོལ་མྱོང་བ་དང་། མིང་རེ་རེས་ཁོ་མོའི་མི་ཚེའི་འགྲུལ་བཞུད་ཀྱི་ཐུན་མོང་མ་ཡིན་པའི་ཚིགས་མལ་རེ་རེ་མཚོན་བཞིན་ཡོད། 《དུས་རབས་》དུས་དེབ་ཏུ་བཀོད་པ་ལྟར་ན། ཁོ་མོ་ནི་"ཕུགས་བསམ་རིང་ལུགས་པ་"ཞིག་ཡིན། སི་ལེ་ཐན•ཨན•ཏིན་ན་མོ། ཁོ་མོ་ནི་སྤྱི་ལོ་1942ལོའི་ཟླ་11ཚེས་29ཉིན་ཨ་རིའི་ཁིན་ས་སི་མངའ་སྡེའི་འབྱོར་འབྲིང་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོ་མོའི་ཡབ་ནི་ཅ་ཀྲིག་པོ་ཁི་ལེའི་ཡན་ལག་སློབ་གྲྭའི་སྦྱངས་འབྲས་ཕུལ་བྱུང་གི་སློབ་མ་ཞིག་ཡིན་ལ། འཛམ་གླིང་འཁྲུག་ཆེན་གཉིས་པར་ཞུགས་མྱོང་བ་དང་རྗེས་སུ་ཁྱིམ་ཆས་ཚོང་གཉེར་གྱི་ཁེ་ལས་པ་ཞིག་ཡིན། དེ་ཡང་གནས་གང་ཞིག་ཏུ་ཚོང་ལས་བཟང་ན་ཁྱིམ་ཡང་དེ་རུ་གནས་སྤོར་བ་ཡིན། ཁོ་མོའི་ཨ་མ་ནི་ཚད་མཐོ་བའི་དོ་དམ་པ་ཞིག་ཡིན་ལ་སྔོན་མར་མིང་གྲགས་ཆེ་བའི་པོ་ཡིན་མཐུན་གཉེར་ཁང་(波音公司)དུ་ལས་ཀ་བྱེད་མྱོང་ཡོད་པ་རེད། ཁྱིམ་ཚང་ཞ་བེ་ཡེ་རུ་གནས་སྤར་རྗེས། ཡང་ཁོ་མོ་ཞ་བེ་ཡེའི་དངུལ་ཁང་གི་ཐེངས་དང་བོའི་བུ་མེད་སྤྱི་ཁྱབ་གཙོ་འཛིན་གཞོན་པར་གྱུར།

 འབྱོར་ཕྱུག་དང་ཡིད་འོང་གི་བྱིས་དུས་ཀྱི་ལོ་ཟླ། 

    ཁོ་མོ་ནི་མི་ཚང་འདིའི་གཅེས་ཕྲུག་གཅིག་པུ་ཡིན། དུས་རྒྱུན་དུ་བུ་ཞིག་ཡོད་པར་འདོད་པའི་ཡབ་ཆེན་གྱིས་རང་ཉིད་ཀྱི་མིང་"སི་ལེ་ཐན་"ཞེས་པ་བུ་མོ་འདི་ལ་གནང་བ་རེད། ཡབ་ཆེན་གྱི་རེ་སྨོན་དེ་དབང་གིས། ཁོ་མོས་བུ་ཞིག་གི་མིང་འདི་བཀོལ་སྤྱོད་བྱས་པ་དང་། བྱིས་གཉོར་ཁང་ནས་སློབ་འབྲིང་ལ་སླེབས་རག་བར་དུ་རང་ཉིད་མཚམས་སྦྱོར་ངོ་སྤྲོད་བྱེད་ཐེངས་རེ་ལ། སི་ལེ་ཐན་གྱིས་ནམ་རྒྱུན་རང་ཉིད་ནི་བུ་ཞིག་མིན་པ་གཟབ་ནན་གྱིས་གསལ་བཤད་བྱས་པ་རེད། 

 སི་ལེ་ཐན་ཕ་སྨད་གཉིས།

    བུ་མོ་ཆུང་ཆུང་འདིས་ཡབ་ཀྱི་རྣམ་དཔྱོད་ཀྱི་བློ་གྲོས་རྒྱུད་འཛིན་གནང་ཞིང་། ཁྱིམ་ཚང་གང་སར་གནས་སྤར་ནའང་སྔར་བཞིན་འབད་བརྩོན་ལྷོད་མེད་གནང་ནས་ནམ་ཡང་སློབ་སྦྱོང་གི་ཡང་རྩེ་རུ་སླེབས་ཡོད། སྐབས་དེ་དུས་ཀྱི་གྲོགས་པོས་ཕྱིར་དྲན་བྱེད་སྐབས། ཁོ་མོ་ནི་རྣམ་དཔྱོད་ཀྱི་བློ་རིག་བཀྲ་ཞིང་ཞི་འཇམ་བག་ཡངས་ཀྱི་བུ་མོ་ཞིག་ཡིན་ལ། མ་འོངས་པར་རེ་སྨོན་གྱིས་ཁེངས་པ་ཞིག་ཀྱང་ཡིན་ཟེར། བྷ་ར་ཁི・H・ཨོ་བྷ་མའི་ལྕམ་མོ།སི་ལེ་ཐན་ལོ་16ཡིན་དུས་ཕ་མ་གཉིས་དང་མཉམ་དུ་ཞ་བེ་ཡེ་(夏威夷)ལ་གནས་སྤར་རྗེས། རང་ཉིད་ལ་"ཨན་"ཞེས་པའི་མིང་བཏགས་པ་རེད། ས་གནས་དེ་གའི་སློབ་ཆེན་གྱི་ཨུ་རུ་སུའི་སྐད་ཡིག་གི་སློབ་ཐུན་བརྒྱུད་དེ་ཧྥེ་གླིང་གི་ཁིན་ནེ་ཡ་རྒྱལ་ཁབ་ནས་ཡིན་པའི་བྷ་ར་ཁི•ཨོ་བྷ་མ་ཁོ་གཉིས་ཕན་ཚུན་ངོ་ཤེས་པ་རེད།

 འདི་ནི་ཨོ་བྷ་མའི་ཡབ་ཆེན་རེད། 

    ཁོ་རང་ནི་ཞ་བེ་ཡེ་སློབ་ཆེན་གྱི་ཐེངས་དང་བོའི་ཧྥེ་གླིང་གི་ཕྱི་འགྲིམས་སློབ་མ་ཡིན་པ་དང་། རྣམ་དཔྱོད་ཀྱི་རྩལ་ཀུན་ལས་ཁྱད་དུ་འཕགས་ཤིང་། བུད་མེད་ལ་ཁ་མཁས་ཚིག་འཇམ་བཤད་པརའང་ཤིན་ཏུ་མཁས། ཁོས་དུས་རྒྱུན་དུ་གཏམ་བཤད་བྱེད་པ་དང་ཐེངས་མང་བོར་དུས་དེབ་ཀྱི་གསར་འགོད་པ་མང་བོས་བཅར་འདྲི་དང་ལེན་བྱས་པ་རེད། དེ་བས་ཁོ་རང་ནི་ངོ་གནོང་མི་དགོས་པའི་སློབ་གྲྭའི་གནད་འགག་གི་མི་སྣར་གྱུར་ཞིང་ཁོ་ལ་ཡིད་སྨོན་བྱེད་མཁན་མང་བོ་བྱུང་། ཏག་ཏག་སྲས་མོ་ཨན་ཡང་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན། སྤྱི་ལོ་1961ལོའི་ཟླ་2ཚེས་2ཉིན། ཕན་ཚུན་ངོ་ཤེས་ནས་ཟླ་འགའ་འགོར་རྗེས། ཁོ་རང་གཉིས་མཱོ་ཡེ་གླིང་ཕྲན་དུ་གཉེན་བསྡེབས་པ་དང་སྐབས་དེར་ཨན་ལ་མངལ་སྦྲུམ་ནས་ཟླ་གསུམ་ཕྱིན་ཡོད།

 རང་ལོ་18སྟེང་གཉེན་བསྒྲིགས་བྱས་པའི་སྲས་མོ་ཨན།

  

 སྤྱི་ལོ་1961ལོའི་ཟླ་8ཚེས་4ཉིན། ཨན་ལ་བུ་ཨོ་བྷ་མ་སྐྱེས་པ་རེད། 

    གཉེན་བསྒྲིགས་རྗེས་ཅང་མ་འགོར་བར། སྲས་མོ་ཨན་གྱིས་རང་གི་ཁྱོ་ག་ཨོ་ནི་གཡོ་སྒྱུ་ཅན་ཞིག་ཡིན་པ་ཤེས་ཤིང་། མ་གཞི་ཁོ་རང་ལ་ཁིན་ནེ་ཡ་རུ་ཆུང་མ་དང་བུ་ཕྲུག་ཡོད་པ་དང་།ཞ་བེ་ཡེ་རུ་སླེབས་རྗེས་སྲས་མོ་ཨན་ལ་ཁོ་བོ་ནི་ཁེར་རྐྱང་ཡིན་ཞེས་མགོ་བསྐོར་བཏང་བ་རེད། བུ་ཨོ་བྷ་མ་སྐྱེས་རྗེས། ཨན་སློབ་གྲྭ་ལས་ཕྱིར་བུད་པ་དང་ནུས་པ་ཡོད་ཚད་ཀྱིས་བྱིས་པ་གཉོར་སྐྱོང་གནང་། ཁྱོ་ག་ཨོ་ཡིས་མ་བུ་གཉིས་ཤུལ་དུ་བསྐྱུར་ཏེ་ཧྭ་ཧྥོ་སློབ་ཆེན་དུ་སོང་ནས་མུ་མཐུད་དུ་དཔལ་འབྱོར་རིག་པའི་འབུམ་རམས་པའི་ཤེས་ཡོན་ལ་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས། གཅིག་བྱས་ན་རྒྱུ་རྐྱེན་འདི་དག་གི་དབང་གིས་མཐར་སྲས་མོ་ཨན་ལ་གཉེན་འཐོར་དུ་བཅུག་པ་རེད། སྤྱི་ལོ་1964ལོའི་ཟླ་དང་བོར། ཨན་གྱིས་ཧྭ་ཧྥོ་སློབ་ཆེན་དུ་ཡོད་པའི་ཁྱོ་ག་ཨོ་ལ་གཉེན་འཐོར་བའི་རེ་འདུན་བཏོན། དེ་ཡང་ལོ་རབས་དེ་དུས་སུ་བུད་མེད་ཕལ་ཆེ་བས་སྒྲུབ་མི་ཕོད་པ་དག་ཁོ་མོས་བསྒྲུབས་ཡོད་དེ། ཧྥེ་གླིང་གི་སྐྱེས་པ་ཞིག་དང་གཉེན་བསྒྲིགས་ཤིང་བྱིས་པ་སྐྱེས་པ་དང་། ཡང་གཉེན་འཐོར་བ་རེད།

     གཉེན་འཐོར་ནའང་། ཨན་གྱིས་བུ་ཕྲུག་གི་མདུན་སར་ཁྱོ་ག་ཨོ་ཡི་སྐྱོན་ཆ་གཏན་ནས་བཤད་མྱོང་མེད་པ་དང་། དེར་མ་ཟད་ནུས་པ་གང་ཡོད་ཀྱིས་བུ་ཨོ་བྷ་མ་ལ་ཡབ་ཀྱི་བརྩེ་བ་བརྒྱུད་བསྒྲགས་བྱས་ཤིང་། བློ་རིག་བཀོལ་ནས་བུ་ཨོ་བྷ་མ་ལ་ཕ་མ་གཉེན་འཐོར་བ་གསལ་བཤད་བྱས་པ་ནི། ཁོ་ཚོ་གསུམ་པོར་འབྲེལ་བའང་གསུམ་ཡོད་པ་དང་། དེ་ནི་ཕ་མ་གཉིས་ཀྱི་འབྲེལ་བ་དང་། ཕ་བུ་གཉིས་ཀྱི་འབྲེལ་བ། མ་བུ་གཉིས་ཀྱི་འབྲེལ་བ་བཅས་རེད། ད་ལྟ་ནི་ཕ་མ་གཉིས་ཀྱི་འབྲེལ་བ་ཆད་པ་ཙམ་རེད། ཡིན་ནའང་ཕ་མ་གཉིས་བུ་ལ་ཁྱེད་ལ་སྙིང་ནས་དགའ་འོ།།  ལོ་10ཡིན་པའི་སྐབས་སུ། ཕ་དེ་བུ་ཨོ་བྷ་མ་ལ་བལྟ་བར་འོངས་པ་དང་དེ་ཡང་ཕ་བུ་གཉིས་འཕྲད་པ་ཐེངས་དང་བོ་རེད། ཕ་བུ་གཉིས་བར་ལ་རྩོད་གླེང་ཕྲན་བུ་བྱུང་བ་དང་ཨན་གྱིས་བུ་ལ་ཁ་ཏ་སློབ་གསོ་མཛད་དེ་བཤད་དོན། "ཁྱེད་རང་ཨ་ཕའི་སྟེང་ཁོང་ཁྲོ་སྐྱེ་མི་རུང་། ཨ་ཕ་ཁྱེད་ལ་སྙིང་ནས་དགའ། ཁོ་རང་ཨུ་ཚུགས་ཆེ་བ་ཙམ་རེད་"ཟེར། ཏག་ཏག་འདི་འདྲའི་བློ་ཁོག་ཡངས་པའི་ཡུམ་ཆེན་ཨ་མ་ཞིག་ཡོད་པའི་རྐྱེན་གྱིས། ཨོ་བྷ་མའི་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། ཆུང་ངུའི་དུས་སུ་ཨ་ཕ་མེད་ནའང་། ཡབ་ཀྱི་མཛེས་སྡུག་གི་སྣང་བརྙན་མངོན་པར་གསལ།

རང་ལོ་10ཡིན་པའི་ཨོ་བྷ་མ་དང་ཡབ་ཆེན།  S・ཨན・ཏིན་ཧན་མོ・སོ་ཐོ་ལོ།

    གཉེན་འཐོར་རྗེས་སྲས་མོ་ཨན་ཕ་མ་གཉིས་ཀྱི་རྒྱབ་སྐྱོར་འོག རང་གི་བྱིས་པ་གཉོར་སྐྱོང་བྱེད་ཞོར་དུ་ཡང་བསྐྱར་སློབ་གྲྭར་འགྲིམས་པ་དང་། སྐབས་དེར་ཨོ་བྷ་མ་ཧ་ལམ་ལོ་གཉིས་ཙམ་ཡིན།


ཁེར་རྐྱང་གི་ཡུམ་ཆེན་འདིས་ཀྱང་ཨོ་བྷ་མ་ལ་སྤྲོ་སྐྱིད་ཀྱིས་ཁེངས་པའི་བྱིས་དུས་ཀྱི་ལོ་ཟླ་གནང་ཡོད། 
    ལོ་4རྗེས་སུ། ཨན་ལ་ཤེས་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་ཐོབ། དུས་མཚུངས་སུ་ཧིན་རྡུ་ནེ་ཞེ་ཡའི་ཕྱི་འགྲིམས་སློབ་མ་ལོ་ལོ•སོ་ཐོ་ལོས་གཉེན་བསླངས་པ་བཞིན། རང་ལོ་23ཡིན་པའི་ལྕམ་ཨན་ལགས་ཀྱིས་བུ་ཆུང་ཨོ་བྷ་མ་རྗེས་སུ་ཁྲིད་ཅིང་དེ་དང་གཉེན་བསྒྲིགས་ནས་ཁྱོ་གའི་ཕ་ཡུལ་ཧིན་རྡུ་ནེ་ཞེ་ཡ་རུ་སླེབས་ཤིང་། ལོ་ངོ་3གྱི་རྗེས་སུ། ཁྱོ་ཤུག་གཉིས་ལ་བུ་མོ་མཱ་ཡ་སྐྱེས་པ་རེད།

     ཨན་གྱིས་མུ་མཐུད་ཧིན་རྡུ་ནེ་ཞེ་ཡ་རུ་མིའི་རིགས་རིག་པར་ཞིབ་འཇུག་གི་ཕྱག་ལས་གནང་བ་དང་། སྐབས་དེར་ཨོ་བྷ་མ་ཁོ་མོའི་འཁྲིས་སུ་རྩེད་མོར་གཡེང་ནས་བསྡད་ཡོད། ཨོ་བྷ་མས་ཕྱིར་དྲན་བྱས་ཏེ་བཤད་དོན། “ང་རང་གི་བྱིས་དུས་ཀྱི་ལོ་ཟླ་ཕལ་ཆེར་མགར་ཁང་ནང་གི་རྣོ་ལྕགས་བཙོ་སྦྱོང་བྱེད་སའི་མེ་ཐབ་འགྲམ་ནས་ཕུད་པ་ཡིན། ཨ་མས་མགར་བ་དང་གླེང་མོལ་བྱེད་སྐབས་ང་རང་སྒོ་ཁར་ཁྱི་གུ་འཚོལ་བ་དང་བྱ་ཕྲུག་བདས་པར་སོང་བ་ཡིན། ཡང་ཨ་མས་ང་རང་ཁྲིད་དེ་རྫ་མཁན་གྱིས་རྫ་ཆས་བཟོ་བ་དང་ཐག་འཐག་མཁན་གྱི་ལས་བཟོ་བར་བལྟ་རུ་འཇུག་སྲིད།"

    ལྕམ་ཨན་ལགས་ནི་བྱིས་པའི་སློབ་གསོ་གཙིགས་ཆེན་དུ་འཛིན་མཁན་ཞིག་ཡིན་ཏེ། དཔལ་འབྱོར་གྱི་ཆ་རྐྱེན་ལ་ཚད་བཀག་ཡོད་ནའང་། ཁོ་མོ་ཐབས་ཤེས་གང་ཡོད་བཏོན་ནས་རང་གི་བྱིས་པ་ས་གནས་དེ་གའི་སློབ་ཡོན་ཆེས་མཐོ་ཤོས་ཀྱི་ཡཱ་ཅ་ཏ་རྒྱལ་སྤྱིའི་སློབ་གྲྭ་རུ་བསྐྱལ་བ་རེད། ཁོ་མོ་རང་ཉིད་ཉིན་རྒྱུན་ཞོགས་པ་ཆུ་ཚོད་བཞི་བའི་སྟེང་ཡར་ལངས་ཏེ་ཨོ་བྷ་མ་ལ་དབྱིན་ཡིག་ཁྲིད་དེ་ཆུ་ཚོད་གསུམ་ཙམ་ལ་སློབ་སྦྱོང་བྱེད་པ་ཡིན། དེ་ནས་ཆུ་ཚོད་བདུན་པར་ཁོ་མོ་ལས་ཚོགས་ལ་འགྲོ་བ་དང་བུ་སློབ་གྲྭར་བསྐྱོད་པ་རེད། དེ་ལྟར་བགྲང་བྱ་ཁ་ཤས་ནི་ཉི་མ་གཅིག་དང་འདྲ་བར་འདས་ཚར། ཨོ་བྷ་མས་ཕྱིར་དྲན་བྱེད་དོན། སྐབས་དེར་ཁོ་རང་གཉིད་ཁུག་ནས་ཡར་ལངས་ཐབས་བྲལ། ཨ་མས་ང་ལ། "གཅེས་ཕྲུག ཁྱེད་ལ་སློབ་ཁྲིད་བྱེད་པ་ཁྱེད་ཀྱིས་ང་རང་ཧ་ཅང་སྐྱིད་པོ་རེད་སྙམ་མམ་"ཞེས་བཤད་པ་རེད་ཟེར། ཨོ་བྷ་མས་བཤད་དོན། ཁོ་རང་ཆུང་དུས་ཧ་ཅང་སྒྱིད་ལུག་ཅིག་ཡིན་པ་དང་། ཡོད་ཚད་ཨ་མ་དང་རྨོ་མོ་གཉིས་ཀྱིས་ཐབས་ཤེས་ཡོད་རྒུས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། བཙན་གྱིས་རང་ཉིད་ལས་ཐོད་བརྒལ་བྱེད་དུ་བཅུག་ཡོད་ཟེར།

    ཧིན་རྡུ་ནེ་ཞེ་ཡ་རུ་ལས་ཀ་བྱེད་མྱོང་བའི་ཨ་རིའི་མི་དབྱི་ལེ་པེ•པོ་ལེ་ཨིན་གྱིས་བཤད་དོན། ཡུལ་དེ་གར་ཨ་རིའི་མི་རྣམས་ལྷན་འཛོམས་བྱེད་སྐབས། ལྕམ་ཨན་གྱིས་རང་གི་བུའང་ཁྲིད་འོངས་ཏེ་མི་གཞན་རེ་རེ་བཞིན་དང་ལག་འཇུ་བྱེད་དུ་འཇུག་ཅིང་གུས་ལུགས་ཀྱི་འཚམས་འདྲི་བྱེད་དུ་བཅུག་རྗེས། ཨོ་བྷ་མ་འབོལ་ཁྲི་རུ་བསྡད་དེ། རང་ཉིད་ཀྱིས་ཁྱེར་འོངས་པའི་དབྱིན་ཡིག་དཔེ་དེབ་ལ་བལྟ་བ་དང་། བྱིས་པ་མང་བོའི་ཁྲོད་ནས། ཁོ་རང་གཅིག་པུས་ཁ་ཁུག་སིམ་མེར་དཔེ་དེབ་ཀློག་པའམ་ཡང་ན་མི་རྒན་པ་དག་གི་གླེང་མོལ་ལ་ཉན་ནས་འདུག་པ་ཡིན་ཟེར།


    ལྕམ་ཨན་ལགས་ནི་བྱིས་པའི་མི་གཞི་རང་གཤིས་ཧ་ཅང་གཙིགས་ཆེན་དུ་འཛིན་མཁན་ཞིག་ཡིན་པ་དང་། དུས་རྒྱུན་དུ་ཨོ་བྷ་མ་ལ་འདིའི་ཐད་ཀྱི་སློབ་སྟོན་གནང་བཞིན་ཡོད་དེ། མི་ཚེའི་ཆེས་གལ་ཆེ་ཤོས་ནི་གཞུང་དྲང་དང་གཡོ་ཟོལ་མེད་པ། རང་སྐྱ་ཐུབ་པའི་དབྱེ་ཞིབ་ཀྱི་ནུས་པ་ཡོད་པ་བཅས་བྱེད་དགོས་པའི་སློབ་སྟོན་གནང་བཞིན་ཡོད། ཁོ་མོས་ནམ་རྒྱུན་དམངས་དབང་ལས་འགུལ་སྐོར་གྱི་དཔེ་དེབ་དང་ཨ་རིའི་སྐད་གྲགས་ཅན་གྱི་མི་རྒྱུད་ནག་པོའི་གཞས་མ་མཱ་ཧྭ་ལེ་ཡ•ཅེ་ཁུ་ཞོན་གྱི་སྒྲ་འཁོར། གཞན་མཱ་ཏིན•ལོ་ཏིར་ཁིན་གྱི་གཏམ་བཤད་ཀྱི་རྩོམ་ཡིག་སོགས་རང་ཁྱིམ་དུ་ཁྱེར་འོངས་ནས་ཨོ་བྷ་མ་ལ་བལྟ་ཀློག་བྱེད་དུ་འཇུག་གི་ཡོད་ལ། འདི་དག་ཡོད་ཚད་ཀྱིས་ཨོ་བྷ་མ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། "ཁོ་མོས་འདི་ལྟར་ཡིད་ཆེས་བྱེད་བཞིན་ཡོད་དེ། མི་རྒྱུད་ཀྱི་ཁ་དོག་མི་འདྲ་ནའང་། མི་རྣམས་ཀྱི་གཤིས་ཀ་ནི་གཅིག་མཚུངས་ཡིན། དེ་བས་མི་རྣམས་སྐྱེས་མ་ཐག་ནས་འདྲ་མཉམ་ཡིན་"ཟེར། 

    ལྕམ་ཨན་ལགས་བྱིས་པར་གཞན་ལ་གུས་བཀུར་བྱེད་པརའང་སློབ་སྟོན་གནང་མཁན་ཞིག་ཡིན། བུ་མོ་མཱ་ཡས་བཤད་དོན། "ཨ་མས་རང་གི་བྱིས་པར་ཚིག་རྩུབ་བཤད་དུ་མི་འཇུག་པ་དང་། ཡང་ན་ང་རྒྱལ་རང་རློམ་བྱེད་དུ་མི་འཇུག གལ་ཏེ་ང་ཚོས་མི་གཞན་གྱི་ཞན་ཆ་དང་དེར་ངན་བཤད་པ་ཡིན་ན། ཁོ་མོས་མི་ཕ་རོལ་བོ་དེའི་ལངས་ཕྱོགས་ཀྱི་འདོད་ཚུལ་བཟུང་ནས་དོན་དེ་ཡང་བསྐྱར་གླེང་བ་ཡིན་ལ། འདི་ལྟ་བུའི་སློབ་གསོ་ནམ་ཡང་རྒྱུན་བསྲིངས་བྱས་ཡོད་"ཟེར། 
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ལྕམ་ཨན་ལགས་ཀྱིས་བྱིས་པར་ཡིད་ཆེས་ཀྱི་སློབ་སྟོན་གནང་བ་དེ་རེད། ཞ་བེ་ཡེ་རུ་གནས་སྡོད་བྱེད་པའི་གྲོགས་པོ་ཞིག་གིས་བཤད་དོན། "ང་ཚོས་མཉམ་དུ་ཨོ་བྷ་མའི་སྐོར་གླེང་སྐབས། ཁོ་མོས་དུས་རྒྱུན་དུ་བཤད་རྒྱུར། ངའི་བུ་ལ་ཤིན་ཏུ་བློ་རིག་ལྡན། འཇིག་རྟེན་འདིར་ཁོ་རང་གིས་བྱ་བ་གང་ཡང་སྒྲུབ་ཐུབ། ཐ་ན་ཨ་རིའི་སྲིད་འཛིན་ལའང་འདུག་ཐུབ་ཅེས་བཤད་པ་རེད་"ཟེར། ཁོ་མོས་འདི་ལྟ་བུའི་ཡིད་ཆེས་ཡོད་ཚད་བྱིས་དུས་ཀྱི་ཨོ་བྷ་མ་ལ་གནང་བ་རེད། ཐེངས་ཤིག་ཕ་ཚབ་ཀྱིས་ཨོ་བྷ་མ་ལ། "ཁྱེད་རང་འཚར་ལོངས་བྱུང་རྗེས་ཅི་ཞིག་བྱེད་འདོད་ཡོད་"ཅེས་དྲིས་པ་ན། བུ་ཆུང་ཨོ་བྷ་མས། "ང་རང་ཧིན་རྡུ་ནེ་ཞེ་ཡའི་སྲིད་འཛིན་ལ་འདུག་འདོད་ཡོད་"ཅེས་བརྗོད་པ་རེད།

    ཨན་ནི་སྒམ་བརླིང་གཟབ་ནན་གྱི་ཨ་མ་ཞིག་ཡིན་པར་མ་ཟད། བརྩེ་བས་ཀུན་ནས་ཕྱུག་པའི་ཡུམ་ཆེན་ཞིག་ཀྱང་ཡིན། བུ་མོ་མཱ་ཡས་བཤད་དོན། ཨ་མ་ནི་བྱིས་པར་བརྩེ་བས་འཐམ་འཁྱུད་བྱེད་པར་ཤིན་ཏུ་དགའ་བ་དང་། ཉི་མ་རེར་"གཅེས་ཕྲུག ང་ཁྱེད་ལ་སྙིང་ནས་དགའ"ཞེས་ཐེངས་མ་བརྒྱ་ཕྲག་ལ་བཤད་སྲིད་ཟེར། ཨོ་བྷ་མས་བཤད་དོན། ཡུམ་ཆེན་ནི་བྱིས་པ་རང་གི་པུས་མོའི་སྟེང་བཟུང་བར་དགའ་ཞིང་། ཀུ་རེའི་ཟ་འཕྲུག་སློང་བ་དང་ཡང་ན་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་། བྱིས་པ་དག་གི་ལག་རིས་ལ་བརྟག་ནས་ངོ་མཚར་བའི་གནས་ལ་དཔྱད་པ་དང་། གནས་ཚུལ་ངོ་མ་རྟོགས་རྗེས་ད་གཟོད་གཞི་ནས་སྤྲོ་བས་བཟི་འགྲོ་"ཟེར། 

ཨོ་བྷ་མ་དང་སྤོ་བོ། ཨ་མ། སྲིང་མོ་བཅས་ཀྱི་མཉམ་པར།
ཨན•ཏིན་ན་མོ•སོ་ཐོ་ལོ། 

   སྤྱི་ལོ་1972ལོར། ཨན་ཡང་བསྐྱར་གཉེན་འཐོར་བ་རེད། ཡིན་ནའང་དོན་རྐྱེན་འདིས་ཁོ་མོས་རང་ཉིད་ཀྱི་ཕུགས་བསམ་ལ་རེ་སྙེག་བྱེད་པར་འགོག་རྐྱེན་རྩ་བ་ནས་བཟོ་ཐུབ་མེད། ཁྱོ་ག་མེད་ནའང་བྱ་བཞག་སྔར་བཞིན་ཡོད། ཁོ་མོས་ཧྥེ་གླིང་དང་ཡ་གླིང་གི་ཁྲག་རྒྱུན་མི་འདྲ་བའི་བྱིས་པ་མིང་སྲིང་གཉིས་ཁྲིད་དེ་ཡང་བསྐྱར་ཕྱིར་ཨ་རིར་ལོག་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཞ་བེ་ཡེ་སློབ་ཆེན་གྱི་མིའི་རིགས་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་ཤེས་ཡོན་གྱི་མིང་བཏགས་ལེན་པའི་འགོ་བརྩམས། ཁོ་མོས་རང་མིང་"ཨན•ཏིན་ན་མོ•སོ་ཐོ་ལོ"ཞེས་པར་བསྒྱུར་ཞིང་། ཁོ་མོ་རང་དབང་རིང་ལུགས་པ་ཞིག་དང་མི་ཆོས་རིང་ལུགས་པ་ཞིག་ཏུའང་གྱུར་བ་རེད།

ལྕམ་ཨན་གྱིས་ཧིན་རྡུ་ནེ་ཞེ་ཡའི་ཕོ་ལོ་ཧྥོ་ཧྥུ་རུ་ཞིབ་འཇུག་གི་ཕྱག་ལས་གནང་།

    ལོ་ངོ་གསུམ་གྱི་རྗེས་སུ། ཁོ་མོས་བུ་ཆུང་ཨོ་བྷ་མ་སྤོ་བོ་དང་རྨོ་མོ་གཉིས་ཀྱི་སར་བཞག་ནས་བལྟ་རྟོག་བྱེད་པར་བཅོལ་ཞིང་སློབ་གསོ་ཡག་པོ་ཐོབ་ཏུ་བཅུག་པ་དང་། རང་ཉིད་ཕྱིར་ཧིན་རྡུ་ནེ་ཞེ་ཡ་རུ་ལོག་པ་དང་ཡུལ་དེ་གའི་ཞིང་གྲོང་ལ་ཞིབ་འཇུག་བྱེད་པའི་བྱ་བའི་འཕྲོ་བསྐྱངས། གཞན་ཁོ་མོས་ཧྥི་ཐི་ཐེབས་རྩ་ཚོགས་པར་ལས་གཡོག་སྒྲུབ་པ་དང་བུད་མེད་ཀྱི་བྱ་བཞག་ལ་སྲུང་སྐྱོབ་མཛད་ཅིང་། དབུལ་བོའི་རོགས་སྐྱོར་མཐུན་ཚོགས་ཀྱི་ཅུང་ཉུང་བའི་དངུལ་བུན་གཡོར་བའི་འཆར་གཞི་ལ་ཞུགས། རྗེས་སུ་ཨ་རིའི་རྒྱལ་སྤྱི་ཡར་སྤེལ་སྡེ་ཁག་གི་བློ་འདོོན་པ་གནང་ཞིང་། ཅ་ན་རྒྱལ་ཁབ་དང་རྒྱ་གར། ཐེ་གོ བལ་ཡུལ། མང་ཅ་ལ་བཅས་སུ་ཕེབས་ཏེ་ཞིང་གྲོང་འཕེལ་རྒྱས་ཀྱི་བྱ་བར་ཞུགས།

    ཁོ་མོ་ཨ་རི་དང་ཧིན་རྡུ་ནེ་ཞེ་ཡ་གཉིས་ཀྱི་བར་དང་། བྱིས་པ་དང་ཞིབ་འཇུག་བཅས་ཀྱི་བྱ་བའི་ཁྲོད་བྲེལ་ཟིང་གིས་ཁེངས། ཨོ་བྷ་མའི་བསམ་ཚུལ་ལྟར་ན། ཁོ་རང་ལ་ཨ་མའི་བརྩེ་བ་100%ཐོབ་ཡོད་པ་རེད། དེ་བས་གཉེན་འཐོར་བའི་གནས་བབ་འོག་ཏུ་ཡང་བྱིས་དུས་ཀྱི་ཁོ་རང་ལ་དཀའ་སྡུག་དེ་ཙམ་ཞིག་འཕྲད་མེད་པ་རེད།

མཐོ་འབྲིང་དུས་ཀྱི་ཨོ་བྷ་མ་དང་ཡུམ་ཆེན།

ཡུམ་ཆེན་ལགས་བུ་ཨོ་བྷ་མ་དང་མེ་ཞེ་ཨར་གཉིས་ཀྱི་གཉེན་སྟོན་མཛད་སྒོར་ཞུགས་པ།

 སྤྱི་ལོ་1992ལོར། ལྕམ་ཨན་ལགས་ཀྱིས་མཐར་རང་ཉིད་ཀྱི་ཤོག་ངོས་1000ལ་སླེབས་པའི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་ཡོངས་སུ་མཇུག་གྲུབ་པར་བྱས། ཁོ་མོས་རྩོམ་ཡིག་ནང་བསྟན་དོན། འདི་ཙམ་ཞིག་བྷ་ར་ཁུ་དང་མཱ་ཡ་གཉིས་ལ་ཕུལ་བའི་ལེགས་སྐྱེས་ཡིན། ཨ་མ་ང་ཁོ་ཚོ་དང་མཉམ་དུ་མེད་པར་འཁང་ར་དེ་ཙམ་བྱེད་མི་སྲིད་ཟེར། 

མིང་སྲིང་གཉིས་དང་ཡུམ་ཆེན་གྱི་མཉམ་པར། 

   ཡིན་ནའང་སྐབས་དེར་ཨ་མ་དང་ཨོ་བྷ་མ་གཉིས་ཀྱིས་ཁོ་ཚོ་མཉམ་དུ་སྡོད་པའི་དུས་ཚོད་དེ་འདྲའི་རིང་བོ་ཞིག་མེད་པ་ཤེས་ཀྱིན་མེད། ཨན་ལ་ལུས་ཕུང་མི་བདེ་བའི་ཚོར་བ་བྱུང་བ་དང་སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་བྱས་ཚེ། བསམ་ཡུལ་ལས་འདས་པར་ཁོ་མོར་དྲག་ཐབས་མེད་པའི་འབྲས་སྐྲན་བྱུང་ཡོད་པ་ཤེས་པ་དང་། སྨན་བཅོས་ཀྱི་དུས་ཚོད་ཀྱང་ཡོལ་ཚར་བས། སྤྱི་ལོ་1995ལོའི་ཟླ་11ཚེས་7ཉིན། ལྕམ་ཨན་ལགས་ཚེ་ལས་འདས་པ་དང་སྐབས་དེར་ཁོ་མོ་ལོ་53ཡིན། ཨོ་བྷ་མས་ཨ་མར་ཕྱིར་དྲན་བྱེད་སྐབས། དུས་རྒྱུན་དུ་བཤད་དོན། "ཁོ་མོ་ནི་ངའི་མི་ཚེ་འདི་ལ་ཤུགས་རྐྱེན་ཐེབས་མཁན་ཡིན།" ཆུང་དུས་ནས་ད་བར་ཨ་མས་བྱ་བ་སྒྲུབ་སྟངས་དང་དཔེ་ཀློག་བྱེད་པར་བལྟས་པ་དང་། ད་དུང་ངེད་མིང་སྲིང་གཉིས་ལ་གཉོར་སྐྱོང་གནང་བ་རེད། "ཁོ་མོས་ང་རང་ལ་ཡིད་ཆེས་བསྩལ་བ་དང་རང་ཉིད་ཀྱིས་མི་གང་འདྲ་ཞིག་བྱས་ཆོག་པར་སྤོབས་པ་བསྩལ་ཡོད་"ཟེར།

   འདི་ནི་ཁེར་རྐྱང་གི་མ་ཡུམ་ཞིག་སྟེ། དཀའ་སྡུག་གི་ལོ་ཟླའི་ཆར་རླུང་གདོང་གིས་བསུས་ཏེ་ཁྲག་རྒྱུན་འདྲེས་མའི་རང་གི་བྱིས་པ་གཉིས་བསྐྱངས་འོངས་པ་དང་། རླབས་ཆེ་བའི་ཡུམ་ཆེན་འདིས་ད་དུང་ཨ་མེ་རི་ཀ་རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་ཀྱང་གསོ་སྐྱོང་གནང་ཡོད།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-31 ལྟ་ཀློག (8850)