བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་བའི་ཚུལ།


༄༅།།བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་བའི་ཚུལ།

 སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་འགྲུབ།

    འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་བྱའི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས་སུ་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སུ་བསྟན་པ་ཇི་ལྟར་དར་བའི་ཚུལ་ནི། བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་ལ། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་པོའི་དུས་སུ་ཇོ་ཤཱཀ་སོགས་ལྷ་རྟེན་མང་དུ་སྤྱན་དྲངས་ཏེ་གཙུག་ལག་ཁང་བཞེངས་པ་དང་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས།  བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་ཡི་གེ་དང་བསྟན་བཅོས་མང་དུ་བསླབས། དེས་བོད་དུ་ཕེབས་ནས་རྒྱ་གར་གྱི་ཡི་གེ་ལ་ཡུལ་སྐད་ཀྱི་དབང་གིས་སྣོན་ཕྲི་ཅུང་ཟད་བྱས་ཏེ་དབྱིངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་སྟེ་བོད་ཡིག་བརྩམས། སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་སོགས་ཡི་གེའི་བསྟན་བཅོས་ཀྱང་མཛད། ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་མདོ་སྡེ་དཀོན་མཆོག་སྤྲིན་སོགས་བཀའ་དང་བསྟན་བཅོས་འགའ་ཞིག་ཀྱང་བསྒྱུར་ཏེ་དམ་པའི་ཆོས་མང་དུ་བསྒྱུར་བའི་སྲོལ་བཏོད། 

    དེ་ནས་རྒྱལ་རབས་དྲུག་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེན་ཞི་བ་འཚོ་དང་པདྨ་སམ་བྷ་ཝ་སོགས་རྒྱ་གར་གྱི་པཎ་གྲུབ་སྤྱན་དྲངས། སྤས་རཏྣ་སོགས་སད་མི་བདུན་རབ་ཏུ་བྱུང་། མདོ་རྒྱུད་བསྟན་བཅོས་བགྲང་ལས་འདས་པ་བསྒྱུར། ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་སྒོམ་གྲྭ་དུ་མ་བཙུགས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཁྲི་རལ་བ་ཅན་གྱི་སྐབས་སྔར་ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་ཆོས་རྣམས་ལ་ཞུ་གཏུགས་མཛད་དེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དགེ་འདུན་གྱི་བསྙེན་བཀུར་དང་དགེ་བཅུའི་ཁྲིམས་འཆའ་བ་སོགས་བོད་གླིང་ཐམས་ཅད་དཀར་པོ་དགེ་བའི་ལས་ལ་བཀོད། 

    དེ་ལྟར་སངས་རྒྱས་ཀྱི་བསྟནཔ་ཉིན་མོ་ལྟར་གསལ་བ་བར་སྐབས་སུ་བདུད་ཀྱིས་ཡིད་བསླད་པའི་རྒྱལ་བོ་སྡིག་ཅན་གྱི་དབང་གིས་ཅུང་ཟད་འགྲིབ་པ་ལྟར་གྱུར་བ་སླར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་མདོ་ཁམས་སྨད་ནས་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་གསོས་པ་ལས་རིམ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་། ཁྱད་པར་དུ་གནས་ལྔ་རིག་པའི་པཎྚི་ཏ་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་གཏམས་པ་དཔལ་ལྡན་ཨ་ཏི་ཤ་དཱི་བཾ་ཀ་ར་ཤྲིཛྙཱ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་བོད་ཆོས་རྒྱལ་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱིས་འབད་པ་ཆེན་པོས་སྤྱན་དྲངས། བོད་དུ་ཕེབས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་དེ་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་མཐའ་དག་བསལ་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་ལེགས་པར་བྱི་དོར་བྱས་ཏེ་གསལ་བར་མཛད། སྲས་ཀྱི་ཐུ་བོ་ཁུ་རྔོག་འབྲོམ་གསུམ་སོགས་ཀྱིས་བཤད་སྒྲུབ་གཉིས་ཀས་བསྟན་པ་བསྐྱངས་པས་ཇོ་བོ་བཀའ་གདམས་པ་ཞེས་པའི་རྣམ་ཐར་གཙང་མའི་ཚད་དུ་འཁྱོལ་བས་བོད་ཡུལ་མཛེས་པར་བྱས། གཞན་ཡང་དཔལ་ས་སྐྱ་བ་ཡབ་སྲས་དང་། གྲུབ་དབང་མར་བ་ཡབ་སྲས་སོགས་ལས་ཀྱང་རིམ་པར་བརྒྱུད་པའི་བཤད་སྒྲུབ་ཀྱི་སྡེ་མང་དུ་ཚུགས་ཤིང་། མཁས་གྲུབ་ཚད་ལྡན་དུ་མས་གངས་རིའི་ལྗོངས་ཡོངས་སུ་གང་བར་གྱུར་ཏོ།། 

     ཕྱིས་སུ་རྒྱལ་སྲས་དམ་པ་རྣམས་ཀྱི་ནང་ནས་སྙིང་སྟོབས་དང་རྣམ་དཔྱོད་ཕུལ་དུ་བྱུང་བ་རྗེ་བཙུན་བརྟན་པའི་འཁོར་ལོ་ཉིད་ངུར་སྨྲིག་གི་ཟློས་གར་འཆང་བའི་ཚུལ་དུ་རོལ་ཞིང་མཐོན་མཐིང་རལ་བའི་ཐོར་ཅོག་ནི་པཎ་ཞྭ་གསེར་གྱི་མདོག་ཅན་དུ་མཛད་དེ་བསྟན་པའི་བདག་པོར་གྱུར་བ་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱིས་དགེ་བའི་བཤེས་གཉེན་མང་དུ་བསྟེན། ཕྱི་ནང་གི་གྲུབ་མཐའ་སྤྱི་དང་ནང་བའི་གྲུབ་མཐའ་བཞིའི་ཁྱད་པར་ཕྲ་མོ་དག་ལའང་རིགས་པ་དྲི་མ་མེད་པའི་སྒོ་ནས་ཞིབ་ཏུ་སྦྱངས་པས་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན། རིག་གནས་མདོ་སྔགས་ཐམས་ཅད་ལ་ཐོས་བསམ་བསྒོམས་པས་གྲུབ་པའི་རྟོགས་པ་མཆོག་བརྙེས། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན། འཆད་རྩོད་རྩོམ་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་མཐའ་ཡས་པ་གདུལ་བྱ་རྣམས་ལ་འདོམས་པར་མཛད་པས་ཤཱཀྱའི་རིང་ལུགས་དྲི་མ་མེད་པ་ཉིན་མོ་ལྟར་གསལ་བར་གྱུར་ཏོ།།

    དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་མཁས་གྲུབ་སོགས་འཕགས་ཡུལ་གྱི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལྟ་བུ་དུ་མས་རྗེ་ཉིད་ཀྱི་བཞེད་སྲོལ་ཇི་ལྟ་བ་བཞིནརིམ་པར་བསྐྱངས། རྗེ་བཙུན་དེ་ཉིད་ཀྱི་བཀའ་དྲིན་ལས་མདོ་སྔགས་བཤད་སྒྲུབ་ཐམས་ཅད་ཕན་ཚུན་འགལ་བ་མེད་པར་གཅིག་གྲོགས་གཅིག་ཏུ་འཆར་བའི་སྒོ་ནས་རང་གཞན་ཐམས་ཅད་ཀྱི་དོན་ལེགས་པར་སྒྲུབ་ནུས་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་དུ་མས་ས་སྟེང་ཐམས་ཅད་གྱུར་ཅིང་ཀུན་མཁྱེན་བུ་རམ་ཤིང་བའི་རིང་ལུགས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བ་འདི་བཞིན་ལགས་སོ།།   


རྩོམ་ཡིག་ཕབ་བཤུ་བ།  སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-05-31 ལྟ་ཀློག (9235)