རང་ཉིད་སྐྱེས་བུ་གསུམ་ལས་གང་དུ་གཏོགས་པ་ལ་བསམ་བློ་གཏོང་ཨེ་མྱོང།

རང་ཉིད་སྐྱེས་བུ་གསུམ་ལས་གང་དུ་གཏོགས་པ་ལ་བསམ་བློ་གཏོང་ཨེ་མྱོང།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།

     ང་ཚོས་དུས་རྒྱུན་དུ་རང་ཉིད་ཆོས་པ་ཡིན། ནང་བ་བ་ཡིན། ཉམས་ལེན་བྱེད་མཁན་ཡིན། མཁས་པ་ཡིན། དགེ་བཤེས་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་ཇི་ཙམ་བསྒྲགས་ཀྱང་། དོན་ངོ་མར་རང་ཉིད་སྐྱེས་བུ་གསུམ་ལས་གང་གི་ཁོངས་སུ་གཏོགས་པ་ཙམ་ལའང་བསམ་བློ་གཏོང་ཀི་མི་འདུག   དེ་ཤེས་པ་ལ་ཐོག་མར་སྐྱེས་བུ་གསུམ་གྱི་འཇོག་ཚུལ་རགས་རིམ་ཙམ་ཞིག་ནི་ཅིས་ཀྱང་མ་ཤེས་ཐབས་མེད་ཡིན། དེ་ཡང་སྤྱིར་སྐྱེས་བུ་ལ་ཆུང་འབྲིང་ཆེ་གསུམ་དབྱེར་ཡོད་དེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ལ་འགོད་འདོད་ཀྱི་བསམ་པ་དང་ལྡན་པའི་སྐྱེས་བུ་ཆེན་པོ་དང་། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་རང་ཁོ་ནའི་དོན་དུ་གཙོ་བོར་ཐར་བ་ཙམ་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་དང་། རང་ཁོ་ནའི་དོན་དུ་འཁོར་བདེ་ཙམ་གཙོ་བོར་དོན་དུ་གཉེར་བའི་སྐྱེས་བུ་ཆུང་ངུ་དང་གསུམ་ཡོད་དོ། །

    ཆུང་ངུ་ལའང་ནང་གསེས་དེའི་ཆུང་འབྲིང་ཆེ་གསུམ་ཡོད་དེ། ཆོས་མིན་གྱི་བྱ་བ་ཁོ་ནས་ཚེ་འདི་ཙམ་གྱི་བདེ་བ་གཙོ་བོར་དོན་དུ་གཉེར་བའི་གང་ཟག་དེ་ཆུང་ངུའི་ཆུང་ངུ་དང་། ཆོས་དང་ཆོས་མིན་གཉིས་ཀའི་སྒོ་ནས་ཚེ་འདི་ཙམ་གྱི་བདེ་བ་གཙོ་བོར་དོན་དུ་གཉེར་བའི་གང་ཟག་དེ་ཆུང་ངུའི་འབྲིང་དང་། ཆོས་ཁོ་ནས་རང་དོན་དུ་ཚེ་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་གང་ཟག་དེ་སྐྱེས་བུ་ཆུང་ངུའི་ཆེན་པོ་དང་།  དེ་ལ་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ཞེས་ཀྱང་བྱ་སྟེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་འདིའི་མཚན་ཉིད་ཀྱི་ཟུར་དུ། རང་ཉིད་ཁོ་ནའི་དོན་དུ་ཞེས་པས་འདི་སྐྱེས་བུ་ཆེན་པོ་ལྟར་གཞན་དོན་གཙོ་བོར་སྒྲུབ་མཁན་ཞིག་མིན་པར་སྟོན། ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་ཞེས་པས་འདི་འབྲིང་ལྟར་ཐར་ལམ་གཙོ་བོར་སྒྲུབ་མཁན་ཞིག་ཀྱང་མིན་པར་སྟོན་ནོ། །

    དེ་ལྟར་མཚན་ཉིད་ཤེས་པའི་སྒོ་ནས་ད་གདོད་རང་ཉིད་གང་དུ་གཏོགས་ཞེས་བསམ་བློ་བཏང་ན། ང་ལྟ་བུ་ནི་ཆུང་ངུའི་འབྲིང་གི་ཡན་ལ་ཐོན་དཀའ་བར་འདུག་སྟེ། རང་གཞན་གཉིས་ལས་རང་ལ་ཤ་ཚ་བ་མངོན་སུམ་ཡིན་པས་ཆེན་པོ་ཡིན་པའི་རེ་བ་མེད། ཐར་ལམ་གཙང་སང་ངེ་བ་ཞིག་སྒྲུབ་ཀྱིན་ཡོད་མེད་ཀྱང་རང་ལ་ལྐོག་ཏུ་མ་གྱུར་བས་སྐྱེས་འབྲིང་གི་གྲས་སུ་ཚུད་མེད་པའང་དེས་ཤེས་ནུས། དེས་ན་ཆུང་ངུ་ལས་མ་འདས་ལ། ཆུང་ངུ་ལའང་ནང་གསེས་དབྱེ་བ་གསུམ་ཡོད་པ་གོང་དུ་བཤད་པ་ལྟར་དང་། རང་ཉིད་དེ་གསུམ་ལས་གང་ཡིན་སྙམ་ན། ཆོས་ཁོ་ན་སྒྲུབ་ཀྱིན་ཡོད་མེད་དང་། ཚེ་འདི་ལས་ཕྱི་མ་གཙོ་བོར་བྱེད་བཞིན་ཡོད་མེད་ཀྱང་རང་ལ་གསལ་བས་ལམ་སྒྲོན་དངོས་བསྟན་གྱི་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་དུ་མི་གཏོགས་པའང་གསལ་བོ་ཡིན། ཆོས་མིན་ཁོ་ན་དང་ཚེ་འདིའི་དོན་འབའ་ཞིག་ཀྱང་སྒྲུབ་ཀྱིན་མེད་ཟེར་དགོས་པས་ཆུང་ངུའི་ཆུང་ངུ་ལ་མི་ལྷུང་བ་ཙམ་ཡིན། ཆོས་དང་ཆོས་མིན་གཉིས་ཀས་རང་དོན་གཙོ་བོར་སྒྲུབ་བཞིན་ཡོད་པས་ཆུང་ངུའི་འབྲིང་ཙམ་ཡིན་ཟེར་དགོས་སམ་སྙམ་མོ། །

    དེ་ཡང་སྐྱེས་བུ་ཁྱད་པར་ཅན་དེ་ཚེ་འདི་ལ་མི་ཆགས་པ་ནི། གཙོ་བོ་འདིའི་རྒྱུད་ན་འཆི་བ་མི་རྟག་པ་རྟོགས་པའི་བློ་ཡོད་པས་ཡིན་ལ། དེ་ཡང་སྐྱེས་མཐར་འཆི་བ་ཞིག་ངེས་པར་ཡོད་ཅེས་སྙམ་པ་ལྟ་བའི་བློ་ལ་མི་གོ་ཡི། བཤེས་སྤྲིངས་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་ནམ་འཆི་ངེས་མེད་དུ་རྟོགས་པའི་བློ་ལ་གོ་དགོས་པ་ཡིན།   འདིས་འཁོར་བའི་མངོན་མཐོ་གཙོ་བོར་དོན་དུ་གཉེར་བ་ནི། དེའི་རྒྱུད་ན་ངན་སོང་གི་སྡུག་བསྔལ་ལ་འཇིགས་པའི་བློ་ཡོད་པའི་ལག་རྗེས་ཡིན། དེ་ཡང་དེ་ལྟར་ཐོབ་ན་སྙམ་པའི་བློ་ཡོད་པ་ཙམ་གྱིས་འདོད་དོན་མི་འགྲུབ་སྟེ། རང་ཉིད་གར་སྐྱེ་རང་གིས་འདོད་པ་ལྟར་མིན་ཏེ། གཙོ་བོ་ལས་ཇི་ལྟར་བསགས་ཚུལ་ལ་རག་ལས་པའི་ཕྱིར། དེས་ན་དེ་ལ་ངེས་པ་ཐོན་ན་དེའི་རྒྱུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་འབད་པའང་ངང་གིས་འབྱུང་ལ། ང་ལྟ་བུས་དེ་མི་ནུས་པའང་གཙོ་བོར་དེ་དག་ལ་ངེས་པ་མ་རྙེད་པས་ཡིན་ནོ། །

    དེའི་ཕྱིར་ཆོས་པ་ངོ་མ་ཞིག་བྱེད་འདོད་པའམ། ནང་བ་བ་ངོ་མ་ཞིག་བྱེད་འདོད་པ་འམ། མིང་དོན་མཐུན་པའི་དགེ་བཤེས་ཤིག་བྱེད་ན་ནི། དམ་བཅའ་བཞག་ནས་ལག་རྟགས་ཙམ་ཡོད་པས་མི་ཆོག་པར་ཉམས་ལེན་རྣལ་མ་ཞིག་བྱེད་བཞིན་ཡོད་མེད་ལ་ལྟོས་དགོས་པ་ཡིན་ནོ། །སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་གྱི་ལམ་རྒྱུད་ལ་སྐྱེས་ནའང་ལམ་རྒྱུད་ལ་སྐྱེས་པས་མ་ཁྱབ་སྟེ། སྐྱེས་བུ་ཆུང་ངུའི་ལམ་ཡིན་ན་ལམ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ལམ་ལ་ཐར་ལམ་དགོས་པའི་ཕྱིར། འོན་ཀྱང་ཆོས་རྣམ་དག་ཅིག་བསྒྲུབ་པའི་འགོ་འདི་ནས་ཚུགས་པར་འཇོག་དགོས་ཏེ། འདི་ནས་བཟུང་འདིར་སྣང་གི་ཆོས་བརྒྱད་ལོག་པའི་སྒོ་ནས་ཆོས་བསྒྲུབ་པའི་འགོ་ཚུགས་པ་ཡིན་པའི་ཕྱིར་རོ། །ཆོས་རྣམ་དག་ཅིག་འོངས་མིན་གཙོ་བོར་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་མིན་གྱིས་འཇོག་དགོས་ཏེ། བསམ་གཟུགས་བརྒྱད་ཐོབ་ནའང་སྲིད་རྩེའི་བར་དུ་སོང་ནས་ནི། །སྡུག་བསྔལ་ཡང་འབྱུང་སྲིད་པ་འགྲུབ། །ཅེས་གསུངས་པ་ལྟར་ཕྱི་རོལ་བ་ལའང་བསམ་གཟུགས་བརྒྱད་ཐོབ་པ་ཡོད་ཀྱང་ལས་ཉོན་གྱིས་འཁོར་བར་སྐྱེ་བ་ཙམ་ཡང་མི་བཟློག་པའི་ཕྱིར། འོན་ཀྱང་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ལ་དལ་འབྱོར་གྱི་རྟེན་དགོས་པས་ཕྱི་རོལ་བ་མེད་ཟེར་དགོས་ཞེས་ཀྱང་བླ་མ་རྣམས་གསུངས་པ་ཐོས་སོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-05-30 ལྟ་ཀློག (7634)