​སྐྱེ་བ་གཞུག་མར་ཤེས་རིག་ནོར་བུའི་སློབ་གླིང་འགྲིམ་འདོད་མཁན་གྱི་བུད་མེད་ཅིག


སྐྱེ་བ་གཞུག་མར་ཤེས་རིག་ནོར་བུའི་སློབ་གླིང་འགྲིམ་འདོད་མཁན་གྱི་བུད་མེད་ཅིག

 གཟི་མིག་གསུམ་པ།

    དོན་དག་ཅིག་ངས་གཏན་ནས་བརྗེད་ཐབས་དཀའ་ཞིང་།   དུས་རྒྱུན་དུ་དོན་དག་དེ་སེམས་ལ་དྲན་ཐེངས་རེ་རེར་དེ་ཡིས་ང་ལ་འཛད་མེད་ཀྱི་སྟོབས་ཤུགས་ཤིག་སྦྱིན་པར་བྱེད་ཅིང་།    རང་དབང་མེད་པར་རང་གི་ལས་འགན་དང་བྱ་བར་ཡང་སྔར་ལས་ལྡབས་འགྱུར་གྱིས་འབད་བརྩོན་དང་ཡིད་ཆེས་བྱ་འདོད་བྱུང་།     དེའང་གསལ་བོར་བཤད་ན་བོད་ཀྱི་བུད་མེད་ཅིག་གི་གནས་ཚུལ་དང་སྐད་ཆ་རེ་ཟུང་ལ་འབྲེལ་བ་ཞིག་ཡིན། དེ་ཡང་ལོ་རེ་ཟུང་གི་སྔོན་ཞིག་ལ་ང་ཚོའི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་རེ་འགའ་ཡུལ་རེབ་ཀོང་ས་ཆར་དཔེ་ཆ་དང་གློག་སྙུག་སོགས་འཚོང་དུ་འགྲོ་སྐབས།   དེ་གར་ཁོ་ཚོ་བུད་མེད་ཅིག་ལ་འཕྲད་ཅིང་མོས་དཔེ་ཆ་རེ་འགའ་བླུས་ཏེ་ཁོ་ཚོའི་ཁ་པར་ཨང་གྲངས་དྲིས་པ་དང་།   རྗེས་ནས་མོས་ཁོ་ཚོར་ཡང་བསྐྱར་ཁ་པར་བཏང་ཡོང་ནས་བཤད་པའི་དངོས་བྱུང་གི་གཏམ་རྒྱུད་དང་གནས་ཚུལ་སྐོར་ཞིག་ཡིན་ལ།   གཏམ་རྒྱུད་དེ་དག་ནི་ངེད་སློབ་གྲྭའི་གཉེར་བ་དཀོན་མཆོག་ཆོས་རྒྱན་གྱིས་རྗེས་ནས་ང་ལ་བཤད་པ་ཡིན། 

    བུད་མེད་དེའི་མིང་ལ་ལྷ་མོ་སྐྱིད་ཟེར་ཞིང་ཕ་ཡུལ་རེབ་ཀོང་ཉ་ལུང་ཡིན་ལ།   ད་ལྟ་ལོ་ན་ལྔ་བཅུ་ང་གསུམ་ལ་བསླེབས་འདུག        ལྷ་མོ་སྐྱིད་མོ་རང་གིས་བཤད་པ་ལྟར་ན།   མོ་ནི་ཆུང་དུས་ལོ་རེ་འགར་སློབ་ཆུང་ལ་སོང་མྱོང་ནའང་རྗེས་སུ་མོའི་ཨ་ཅེ་གནས་ལ་སོང་ཞིང་ཕ་མ་གཉིས་ལོ་ན་མཐོ་བས་མོ་མུ་མཐུད་དུ་སློབ་གྲྭར་འགྲོ་མ་ཐུབ་པར་ཕྱིར་ཡུལ་དུ་ལོག་ནས་ཕ་མ་གཉོར་ཏེ་ཁྱིམ་ཐབ་སྐྱོང་དགོས་བྱུང་།  དེ་སྐབས་ཀྱི་ཉིན་ཞིག་ལ་རེབ་ཀོང་ས་ཆར་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་ཏེ་མང་ཚོགས་ལ་མཇལ་ཁ་གནང་ཞིང་།   ཐུགས་ཧ་ཅང་དགྱེས་པའི་ཉམས་ཀྱིས་མི་མང་ལ་གཟིགས་ཏེ་ཞལ་རས་འཛུམས་མདངས་ཀྱིས་ཁེངས་འདུག་ཅིང་།   མོས་ཉིན་དེར་བོད་ལྭ་གྱོན་ཏེ་མི་མང་གི་ཁྲོད་དུ་གྲལ་བསྒྲིགས་ནས་མཇལ་ཁ་ཨེ་ལོན་བལྟས་པ་ན།   མོ་རང་ཁོང་གི་ཐག་ཉེ་སར་ཡོད་པས་མོའི་སྣང་བར་མང་ཚོགས་རྣམས་ཀྱི་ཁྲོད་ནས་ཀྱང་ཁོང་གིས་ཆེད་དུ་མོ་རང་ལ་གཟིགས་ནས་ཐུགས་ཧ་ཅང་དགྱེས་ཀྱིན་ཡོད་པའི་ཉམས་སྣང་ཤར།   དེ་ཉིན་ད་རུང་པཎ་ཆེན་རིན་པོ་ཆེས་མང་ཚོགས་ལ་བོད་མི་རིགས་རང་གི་སྐད་ཡིག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པའི་བཀའ་སློབ་རིན་ཐང་བྲལ་བ་མང་བོ་གནང་ལ།  ལྷ་མོ་སྐྱིད་དེ་དུས་མོ་ལོ་བཅུ་བདུན་ཡིན་ཞིང་།   མོས་ཉིན་དེ་ནས་བཟུང་ད་ལོ་སྟེ་མོ་རང་ལོ་ན་ལྔ་བཅུ་ང་གསུམ་ལ་བསླེབས་རག་གི་བར་དུ་ཉིན་གཅིག་ལའང་བོད་ལྭ་ཞིག་རྒྱབ་ནས་འཕུད་མ་མྱོང་བར་མ་ཟད།  ད་ལྟ་ནས་འཆི་རག་བར་དུའང་བོད་ལྭ་འདི་རྒྱབ་ནས་མི་འཕུད་རྒྱུ་ནི་མོ་རང་གི་དམ་བཅའ་ཡིན་ཟེར།  དེ་ནས་མོས་ད་རུང་ཚོང་རའི་ནང་དུ་པཎ་ཆེན་རིན་པོ་ཆེའི་སྐུ་པར་ཞིག་རྙེད་ཅིང་།   དགའ་བ་དཔག་མེད་སྐྱེས་ནས་སྐུ་པར་ཁྱིམ་ལ་ཁྱེར་ཡོང་སྟེ་མཐའ་ཤིང་ཞིག་སྤྲད་ནས་དུས་རྒྱུན་ཕྱག་འཚལ་མཆོད་འབུལ་སོགས་བྱས་པ་དང་།   འདི་ནི་པཎ་ཆེན་རིན་པོ་ཆེ་རང་ཁྱིམ་ན་སྐུ་དངོས་སུ་བཞུགས་པ་ལྟ་བུ་ཡིན་སྙམ་པའི་འདུ་ཤེས་བཟུང་བ་ཡིན།   ལྷག་པར་དུ་ཉིན་དེར་པཎ་ཆེན་རིན་པོ་ཆེས་གནང་བའི་བཀའ་སློབ་དག་སེམས་ལ་ཉར་ཏེ་ཁོང་གི་གསུང་བརྩིས་པ་ཡིན་ལ།   དུས་རྒྱུན་དུ་སེམས་ལ་ཁོང་གི་གསུང་ཇི་བཞིན་བརྩིས་ན་རང་གི་བྱ་ལས་དོན་དག་ཐམས་ཅད་ཅི་འདོད་བཞིན་འགྲུབ་ངེས་ཡིན་སྙམ་ནས་ཡིད་ཆེས་བྱས་པ་ཡིན།  དེའི་གཞུག་ནས་ལོ་རེ་ཟུང་རྗེས་ཀྱི་ནུབ་མོ་ཞིག་ལ་མོས་རྨི་ལམ་ཡ་མཚན་ཞིག་རྨིས་པ་ནི།  མོ་རང་ཁྱིམ་དུ་སེམས་གཡེངས་ནས་ལྷོད་ལྷོད་ངང་སྡོད་པ་ལ་ལྟ་ཕྱོགས་ཤིག་གིས་པཎ་ཆེན་རིན་པོ་ཆེའི་སྐུ་པར་ལ་གཅིག་བལྟས་པ་ན།  ཡ་མཚན་པ་ཞིག་ལ་པར་སྒྲོམ་སྔར་ལྟར་དྲང་མོར་བསྡད་འདུག་ནའང་སྐུ་པར་སྟེང་གི་པན་ཆེན་རིན་པོ་ཆེ་མཆོག་གི་ཞལ་ཕར་ལ་འཁོར་ཏེ་མོར་རྒྱབ་བསྟན་འདུག་པ་ཞིག་རྨིས་སོང་བས།  མོ་རང་ལམ་སེང་རྣམ་རྟོག་ལངས་ཏེ་མོ་རང་ཉིད་ལ་ན་ཚ་སོགས་བར་ཆད་རེ་ཡོང་རྒྱུ་ཨེ་ཡིན་ནམ་སྙམ་ནས་སྐུ་པར་ལ་གསོལ་བ་དྲག་ཏུ་བཏབ་ནས་བསྡད།  དེ་ནས་ཉིན་བདུན་གྱི་རྗེས་སུ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་བའི་གནས་ཚུལ་གཞི་ནས་ཐོས་པས་སེམས་པ་སྡུག་གིས་གཟིར་ཞིང་།  དེ་སྔོན་སྐུ་པར་གྱི་ཞལ་ཕར་འཁོར་བ་དེ་ནི་ཁོང་སྐུ་གཤེགས་རྒྱུའི་སྔ་ལྟས་ཡིན་པ་མ་ཤེས་པར་ཁོང་གི་ཞབས་བརྟན་གསོལ་འདེབས་འདོན་རྒྱུའི་ཚབ་ཏུ་རང་ལ་ཅིག་རེ་བྱུང་ཨེ་ཡོང་ངམ་སྙམ་ནས་སེམས་ཚེགས་བྱས་པ་དེར་འགྱོད་པ་སྐྱེས་ཏེ་རང་གིས་རང་ལ་ལེ་བདའ་བྱས་ཤིང་།   ད་ལྟའང་ད་དུང་དོན་དེ་དྲན་ཚེ་རང་གིས་རང་ལ་ལེ་བདའ་བྱེད་ཀྱིན་ཡོད་ཟེར།

     མོས་ད་དུང་བཤད་རྒྱུར།   མོ་རང་ཡི་གེ་སློབ་པ་ལ་ཧ་ཅང་དགའ་བས་དུས་རྒྱུན་སྐྱེ་བ་གཞུག་མར་དགེ་རྒན་བཟང་བོ་ཞིག་ལ་འཕྲད་དེ་ཡི་གེ་ལེགས་པོ་ཞིག་བསླབ་ཐུབ་པར་གསོལ་བ་དང་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད་ཅིང་།   ཉིན་ཞིག་སྟབས་ལེགས་ནས་དགེ་རྒན་ལྡོང་ཡོན་ཏན་ཚང་གིས་ཁྲིད་པའི་<<བློ་གསལ་འཇུག་ངོགས>>ཀྱི་བརྙན་འཁོར་ཞིག་ལག་ལ་ཡོང་བས།  དེར་ཡང་དང་བསྐྱར་དུ་ཐེངས་གྲངས་མེད་ཅིག་ལ་ཉན་པས་དེའི་ནང་གི་མང་བོ་ཞིག་བློར་ཟིན་འདུག་ལ།     དེ་ལ་བརྟེན་ནས་མོས་ཡི་གེ་མང་བོ་ཞིག་ཀྱང་ཤེས་སོང་བར་མ་ཟད།   ད་རུང་<<བློ་གསལ་འཇུག་ངོགས་>>ཀྱི་དཔེ་ཁྲིད་དེ་ལ་ཉན་ནས་༧ཨ་ཁུ་དམུ་དགེ་བསམ་གཏན་ཚང་སྐུ་གཤེགས་པའི་ཉིན་མོ་ནམ་ཡིན་པ་ཤེས་སོང་བས།   ཉིན་དེ་ནས་བཟུང་ལོ་རེ་རེ་བཞིན་ཁོང་གི་དགོངས་རྫོགས་ཀྱི་ཉིན་མོར་དམིགས་ཏེ་སྙུང་གནས་གཅིག་རེ་ཆད་མེད་དུ་སྲུང་གིན་ཡོད་ལ།   རྒས་ནས་གཟུགས་པོས་མི་ལྕོགས་པའི་བར་དུ་མུ་མཐུད་རྒྱུན་བསྐྱང་རྒྱུའི་དམ་བཅའ་ཡོད་ལ།   

   དེ་བཞིན་མོས་ད་རུང་བསྟན་འཛིན་གྱི་སྐྱེས་བུ་རྣམས་དང་རྭ་རྒྱའི་དགེ་སློབ་ཡོངས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་སློབ་གླིང་འདི་ཉིད་སྔར་ལས་དར་ཞིང་རྒྱས་པའི་སྐུ་རིམ་གྱི་ཆེད་དུ་བསམས་ཏེ།  མོ་རང་མཚམས་ལ་ཐེངས་གསུམ་བསྡད་ནས་ཐེངས་རེར་ཟླ་བ་གཅིག་དང་ཟླ་ཕྱེད་ནས་ཟླ་བ་གཉིས་རེ་བྱས་ཏེ་གདན་ཐོག་གཅིག་ཏུ་སྙུང་གནས་བརྒྱ་དང་བརྒྱད་ཅན་ཐེངས་གསུམ་ལ་བསྲུངས་པ་དང་།   <<སྒྲོལ་མ་>>འབུམ་ཕྲག་བདུན་དང་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་གསོལ་འདེབས་ཚར་འབུམ་ཕྲག་གཉིས་རེ་བཅས་བཏོན་པ་དང་།  ཕྱག་འབུམ་ཕྲག་བཅུ་འཚལ་མྱོང་བར་མ་ཟད།   དེ་སྔར་ཁ་འདོན་བཏོན་པ་སོགས་དགེ་བ་ཅི་བྱས་ཐམས་ཅད་ཀྱང་དེ་བཞིན་བསྔོས་པ་ཡིན་ཟེར།    ད་ལྟ་མོས་སློབ་དཔོན་དམ་པ་༧བཛྲ་ཚུལ་ཁྲིམས་ཚང་གི་གསུང་རྩོམ་<<ཤེས་རབ་ལས་མཆེད་པའི་ལྷག་བསམ>>བློར་འཛིན་གྱིན་ཡོད་ཅིང་།   ནང་དོན་ཆེན་པོ་མི་གོ་ནའང་མང་ཤས་བློར་བཟུང་ཟིན།   དེའང་ཚང་མས་བཤད་ན་ཚེ་འདི་ནས་ལོ་རྒས་པའི་དུས་སུ་སློབ་སྦྱོང་རེ་བྱས་ན་དེས་སྐྱེ་བ་གཞུག་མར་ཡང་ཕན་ཐོགས་ཆེ་རབས་ཟེར་བས་ཡིན་ཟེར།   མོའི་བསམ་སྤྱོད་འདི་དག་ནི་ཤིན་ཏུ་གལ་ཆེ་ལ་དོན་སྙིང་ལྡན་པ་ཞིག་སྟེ།   ཇི་སྐད་དུ།  རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཀྱང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་ཐོག་མར་ས་པཎ་མཆོག་གི་ཞལ་ནས་གསུངས་ཤིང་།  རྗེས་སུ་བོད་ཀྱི་སློབ་གསོའི་དེད་དཔོན་༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་རྒྱུད་འཛིན་གནང་བཞིན་པའི་མི་ཚེའི་ཕྲེང་བརྒྱུད་ཀྱི་སློབ་གསོའི་གདམས་ངག་ཁྱད་པར་ཅན་དེ་ཉིད་ཡིན་ལ།  དེའང་ཨ་ནེ་ལྷ་མོ་སྐྱིད་ལགས་ཀྱིས་ད་གཟོད་སེམས་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཀྱིན་ཡོད་པ་ཞིག་རེད་ཨང་།

     གཞན་ཡང་།   མོས་ཞོག་ཁོག་བཏབ་ནས་ལོ་སྔོན་མར་སྒྱེ་མོ་ཉེར་བཞི་ལོན་པ་དེ་དག་རེབ་ཀོང་ཤེས་རིག་གླིང་ལ་ཞལ་འདེབས་སུ་ཕུལ་བ་དང་།  ད་ལོ་ཞོག་ཁོག་སྒྱེ་མོ་དྲུག་བླངས་ཡོད་པ་དེ་དག་རྭ་རྒྱའི་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞལ་འདེབས་སུ་འབུལ་འདོད་ཟེར་མོད།   ང་ཚོའི་བར་ཐག་རིང་ནས་ལེན་ཐབས་མ་བྱུང་བས།  མོས་ཞོག་ཁོག་དེ་དག་རེབ་ཀོང་ན་དགེ་ཕྲུག་མང་བོ་སྐྱོང་བཞིན་པའི་ཨ་ཁུ་ཡོན་ཏན་ཚང་ལ་ཕུལ་བ་ཡིན་ཟེར།  འདི་ནི་སྤྱིར་ཁྱད་དུ་འཕགས་པའི་བོད་ཀྱི་སློབ་གསོས་ཐོན་པའི་སྡིག་སྤོང་དགེ་སྐུལ་གྱི་ནུས་པ་དང་།   བྱེ་བྲག་ཤེས་རིག་ནོར་བུའི་སློབ་གླིང་གིས་སྤྱི་ཚོགས་ལ་བསྟན་པའི་ཁ་ཕྱོགས་དང་མི་རྣམས་ལ་བཟུང་བའི་རེ་བ་ཡིན་ལ།   ད་དུང་འདི་ནི་བོད་མི་ཕལ་བ་ཞིག་གིས་བོད་ཀྱི་སློབ་གསོ་དང་ཤེས་རིག་ནོར་བུའི་སློབ་གླིང་ལ་བཅངས་པའི་རྣམ་དག་གི་སེམས་འདུན་དང་ལྷག་བསམ་བཅས་ཡིན་པས་ང་ཚོས་དུས་གཏན་དུ་བརྗེད་མི་སྲིད།
     མོས་བཤད་ན།   མོར་སྔོན་ཆད་སེམས་ཁུར་ཞིག་ཡོད་པ་ནི་མོ་རང་མ་ཤི་སྔོན་ལ་རྭ་རྒྱའི་སློབ་གྲྭའི་སློབ་དཔོན་རྣམ་པར་སྐྱབས་འཇུག་ཅིག་ཞུ་རྒྱུ་ཡོད་མོད་དེ་ཕྱོགས་ན་ངོ་ཤེས་གཅིག་ཀྱང་མེད་པས་བྱ་ཐབས་བྲལ་ནས་བསྡད་ཡོད་པ་ལ།    འདི་ནས་སློབ་གྲྭའི་ལས་བཟོ་བ་ཨ་ཁུ་དཀོན་མཆོག་ཆོས་རྒྱན་ཁྱེད་རང་ངོ་ཤེས་སོང་བས་རྟེན་འབྲེལ་ཧ་ཅང་འགྲིག་ཡོད།   དེས་ན་ད་ལྟ་མོ་རང་གི་ལུས་པོ་ན་ཚ་རེ་ཟུང་གི་དབང་གིས་དེ་ཙམ་བདེ་རྒྱུ་མེད་ཅིང་།  སྤྱིར་ནམ་འཆི་ལ་ངེས་པ་གཏན་ནས་མེད་པས་ན།  མོར་ཚེ་ཐོག་འདིར་མཐའ་མཇུག་གི་རེ་བ་ཉག་གཅིག་ཡོད་པ་ནི།  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་པར་མོ་རང་འཆི་ཁར་འཇིགས་སྐྲག་དང་མནར་གཅོད་མྱོང་མི་དགོས་པའི་སྐྱབས་འཇུག་དང་།  ཤི་བའི་རྗེས་སུའང་སྐྱེ་བ་ཕྱི་མར་མོས་ཕོ་ལུས་གཙང་མ་ཞིག་ལོན་ཏེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་ཐེམ་བརྒྱུད་ནས་སློབ་དཔོན་རྣམ་པར་མཇལ་ཏེ་གསུང་གི་བདུད་རྩིར་ཇི་འདོད་རོལ་པའི་སློབ་བུ་ཞིག་ཏུ་སྐྱེ་ཐུབ་པའི་སྐྱབས་འཇུག་སྙིང་ནས་ཞུས་པ་ཡིན་ཟེར།   (མོས་ཕོ་ལུས་གཙང་མ་ཞིག་ལོན་ཏེ་ཟེར་དོན་ནི་རྭ་རྒྱའི་སློབ་གྲྭར་སྐྱེས་པ་ཁོ་ན་ལས་བུད་མེད་ལེན་གྱིན་མེད་པས་ཡིན་སྲིད།)   
     མོའི་རེ་བ་དང་སེམས་གཏམ་འདི་དག་ཐོས་རྗེས།  ང་ནི་རང་དབང་མེད་པར་བསམ་གཞིག་གི་ནང་ལྷུང་འགྲོ་ཞིང་།    དེ་ནས་ཡང་ངས་ཐོག་མར་རྩོམ་འདིའི་མགོ་ནས་བཤད་པ་ནང་བཞིན་རང་གི་བྱ་བར་སྔར་ལས་ལྷག་པར་འབད་བརྩོན་བྱ་འདོད་དང་ཡིད་ཆེས་ཀྱིས་ཁེངས་པ་ཞིག་ཏུ་གྱུར་འགྲོ།   རྒྱུ་མཚན་ནི།   ངའང་སློབ་གླིང་འདིའི་དགེ་རྒན་གྱི་གྲལ་མཐའ་ཙམ་འཛིན་པ་ཞིག་ཡིན་པས་སོ།།

                    ༢༠༡༦.༥.༢༦ལ་མང་རྫོང་ལྷ་ཁང་གི་འདབས་སུ་བྲིས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-05-25 ལྟ་ཀློག (8608)