ཕྱི་གླིང་བས་ཆོས་ལུགས་ལ་མཐོང་ཆེན་དང་དོ་སྣང་བྱེད་དོན་གང་ཡིན་ནམ།


 མི་སྒེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོ་སོ།  ཐ་ན་འཛམ་གླིང་གི་ཆེས་མཐོའི་སྲིད་དོན་རྩ་འཛུགས་གང་མང་ཞིག་གིས་ཆོས་ལུགས་ལ་དོ་སྣང་བྱེད་བཞིན་ཡོད་དེ། ཁོ་ཚོའི་ཁྲོད་ན་ཆོས་དད་པའང་ཡོད་དེ་ཁོ་ཚོས་ཆོས་ལུགས་ལ་དོ་སྣང་དང་མཐོང་ཆེན་བྱེད་དོན་གང་ཡིན་ནམ། ངས་བལྟས་ན་དེ་ནི་སྤྱི་ཚོགས་བརྟན་ལྷིང་དང་འབངས་སེམས་བདེ་ལ་འགོད་ཐབས་ཤིག་རེད་སྙམ། ཁྱེད་ཀྱི་དགོངས་ཚུལ་ག་འདྲ་ཡིན་ནམ།

དྲི་བ།  བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་གྲགས་ཅན་གངས་འཚོ།  དྲིས་ལན།  སློབ་དཔོན་ཤེས་རབ་བསྟན་དར། 

    ངའི་བསམ་ཚུལ་ལྟར་ན་ཆོས་ལུགས་མང་བོ་ཞིག་ཡོད་ནའང་དེ་ལས་སྤྱི་ཚོགས་བརྟན་ལྷིང་དང་འབངས་སེམས་བདེ་ལ་འགོད་ཐུབ་པའི་ཆོས་ལུགས་ཉུང་།  འོན་ཀྱང་ཆོས་ལུགས་ཤིག་ཡིན་ཕྱིན་དེ་ལ་དད་མོས་བྱེད་པའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འབྲེལ་བས་སྤྱི་ཚོགས་བརྟན་ལྷིང་ལ་ཕན་ནུས་ངེས་ཅན་ཞིག་ཡོད་དེ། ད་ལྟ་འཛམ་གླིང་དུ་སྤྱི་ཚོགས་བརྟག་དཔྱད་སྙན་ཞུ་ལས་གསལ་བོར་བསྟན་ཡོད་པ་འདི་ལ་བལྟས་ན་གསལ་བོ་ཤེས་ཞིང་། འཛམ་གླིང་འདི་ད་དུང་ཆོས་ལུགས་པས་བཟུང་ཡོད་པ་འདི་ལ་སྤྱི་ཚོགས་ཀྱི་བྱ་བ་བྱེད་མཁན་ཞིག་ཡིན་ན་དོ་སྣང་མི་བྱེད་ག་མེད་དུ་ཆགས་ཡོད།

    འཇིག་རྟེན་གྱི་ཚན་རིག་དང་རིག་གནས་འཕེལ་རྒྱས་དང་བསྟུན་ནས་ཆ་མ་ཚང་བའི་ཆོས་ལུགས་མང་བོར་བཅོས་བསྒྱུར་གྱིས་ཆ་ཇེ་ཚང་དུ་འགྲོ་ངེས་ཡིན་ལ། སྤྱི་ཚོགས་བརྟན་ལྷིང་ལ་མི་ཕན་པའི་ཆོས་ལུགས་ཀྱང་སྤྱི་ཚོགས་ལ་ཕན་ཞིང་། འཇིག་རྟེན་ཞི་བདེ་ལ་ནུས་པ་འདོན་པའི་ཆོས་ལུགས་ཤིག་ཏུ་འགྱུར་ངེས་ཡིན། ལོ་མང་བོའི་རིང་ལ་དམག་འཁྲུག་དང་མེ་ལྕེའི་ཁྲོད་དུ་མི་རྣམས་ཀྱིས་རེ་བསྙེག་བྱ་ས་ནི་ཞི་བདེ་ཡིན་པས་ཞི་བདེ་ཐོབ་པ་ལ་ཆབ་སྲིད་ཁོ་ནས་མི་འོངས་པས་ཆོས་ལུགས་ལ་རེ་བ་བཅོལ་ཏེ་ཆོས་ལུགས་པའི་འགོ་ཁྲིད་དག་མཉམ་འབྲེལ་བྱེད་ཐུབ་ན་དགེ་མཚན་མི་དམན་པ་ཞིག་འཐོབ་ངེས་ཤིང་། དེར་མ་ཟད་ཆབ་སྲིད་ཀྱི་དམིགས་ཡུལ་མང་བོ་ཞིག་འགྲུབ་པ་ལ་ཆོས་ལུགས་ལ་མི་བརྟེན་ག་མེད་ཡིན་པས་ཆོས་དད་མེད་པ་དག་གིས་ཆོས་ལུགས་ལ་དོ་སྣང་བྱེད་པའི་རྒྱུ་མཚན་དེ་ཡིན་ནོ། །


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-05-11 ལྟ་ཀློག (6589)